ཁུ་བྱུག་ལ་དུང་བའི་མྱ་ངན་དགོང་ཚོགས།

12834722_10209200088264374_1581376559_nགངས་ལྗོངས་ཀྱི་གདུང་ལེན་པ་གྲགས་ཅན་བདུད་བྷེ་ལ་མྱ་ངན་དང་རྗེས་དྲན་ཞུ་ཆེད་དུ་“ཁུ་བྱུག་ལ་དུང་བའི་མྱ་ངན་དགོང་ཚོགས་”ཞེས་པའི་དགོང་ཚོགས་ཞིག་འཚོགས་སོང་།

དེ་ཡང་ཟླ་༢ ཚེས་༡༢ གྱི་དགོང་མོར་དྷ་ས་ཟློས་གར་ཚོགས་ཁང་དུ་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་གོ་སྒྲིག་འོག  བོད་ཀྱི་གླུ་བ་གྲགས་ཅན་བདུད་བྷེ་སྐུ་གཤེགས་པར་གདུང་སེམས་མཉམ་བསྐྱེད་ཆེད་མྱ་ངན་འདུ་འཛོམས་ཀྱི་དགོང་ཚོགས་ཞིག་འཚོགས་ཡོད་པ་རེད།

སྐབས་དེར་མདོ་འཛིན་པ་ངག་དབང་ལགས་ཀྱིས་གསུང་དོན། “བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ངོས་ནས་དགོང་ཚོགས་འདི་འདྲ་ཞིག་གོ་སྒྲིག་བྱེད་དགོས་དོན་ནི། བོད་ཀྱི་གླུ་པ་བདུད་བྷེ་ནི། ཚང་མས་ཤེས་གསལ་ལྟར། བོད་མདོ་དབུས་ཁམས་གསུམ་ལ་ཧ་ཅང་སྐད་གྲགས་ཆེ་བའི་གླུ་པ་ཞིག་རེད། ལྷག་པར་དུ་ཁོང་ནི་ཨ་མདོའི་སྒྲ་སྙན་རྡུང་ལེན་ལ་ཧ་ཅང་མཁས་པ་དང་དམིགས་བསལ་སྒྱུ་རྩལ་གྱི་ཁྱད་ཆོས་ཡོད་པའི་གླུ་པ་ཞིག་ཡིན་པ་ཀུན་གྱིས་གདེང་འཇོགས་དང་། ཁོང་གི་གླུ་གཞས་རྣམས་ད་སྐབས་གཞས་པ་གཞོན་རབས་པ་མང་པོ་ཞིག་གིས་བསྐྱར་ལེན་ཡང་ལེན་བྱས་དང་བྱེད་བཞིན་པ་རེད།

12833246_10209200097144596_1148850366_nདེར་བརྟེན་ཁོང་ལྟ་བུའི་བོད་ཀྱི་སྒྱུ་རྩལ་མི་སྣ་ཞིག་འདས་གྲོངས་སོང་དུས། བོད་ཀྱི་གཞས་པ་གཞས་མའི་མིང་ཡོད་མཁན་རྣམས་ལ་མཚོན་ན་དམིགས་བསལ་འགན་འཁྲི་ཞིག་ཡོད་པའི་རྐྱེན་གྱིས། མྱ་ངན་དགོང་ཚོགས་འདི་གྲ་སྒྲིག་ཞུས་པ་ཡིན། བདུད་བྷེ་རང་གི་ཆེད་དུ་དམིགས་ནས་ཕངས་སེམས་ཆེན་པོས་མྱ་ངན་ཞུ་བ་དང། ཁོང་གི་གླུ་གཞས་རྣམས་རྗེས་དྲན་གྱིས་ཁོང་གི་བཀའ་དྲིན་མཚོན་བྱེད་ཙམ་གྱི་ཆེད་དུ་དགོང་ཚོགས་འདི་བསྡུས་པ་ཡིན།  དེ་རིང་གི་དགོང་ཚོགས་འདི་འཛིན་བྱང་མི་དགོས་པར་རིན་མེད་ཐོག་སྤེལ་གྱི་ཡོད། མྱ་ངན་འདུ་འཛོམས་ཀྱི་དགོང་ཚོགས་འདི་ང་ཚོ་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་གཞས་པ་སོ་སོས་མ་བསྐུལ་དང་བླངས་ཀྱི་ཞལ་འདེབས་རྒྱབ་ནས་གོ་སྒྲིག་བྱས་པ་ཞིག་ཡིན།   དེ་རིང་ལྟད་མོ་བས་ཞལ་འདེབས་གང་བྱུང་བ་ཚང་མ་བདུད་བྷེའི་ཆེད་དུ་བསྔོ་བརྟེན་དང་མཆོད་འབུལ་སྨོན་ལམ་གྱི་དགེ་རྩར་གཏོང་གི་ཡིན”ཞེས་གསུང་སོང་།

དེ་རྗེས་བདུད་བྷེ་དང་ཕ་ཡུལ་གཅིག་པ་ཡིན་པ་ཁྲི་སྲོང་རྡོ་རྗེས། ་བདུད་བྷེ་ལགས་སྐྱེས་ནས་ད་བར་གྱི་ལོ་རྒྱུས་ངོ་སྤྲོད་གནང་སོང་།  དེ་ནས་གཞས་པ་རྣམས་ཀྱིས་རྐྱང་གཞས་དང་མཉམ་གཞས་མང་པོ་གཏོང་གནང་བ་དང་། གཞས་མང་ཆེ་བ་དེ་བདུད་བྷེ་རང་གི་བླངས་པའི་གླུ་གཞས་རྐྱང་པ་ཁོང་གི་རྗེས་དྲན་དང་བཀའ་དྲིན་མཚོན་བྱེད་དུ་གཏོང་སོང་ལ།

ཁུ་བྱུག་ལ་དུང་བའི་མྱ་ངན་དགོང་ཚོགས་འདིའི་ཐོག་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གཞས་པ་གཞས་མ་༡༥ ཙམ་མཉམ་ཞུགས་གནང་འདུག།

གསར་འགོད་པ་ངག་དབང་ཐར་པ།