ཁེ་ན་ཌའི་བྷི་སི་ས་གནས་སུ་ནང་པའི་དུས་སྟོན་སྲུང་བརྩི།
ཟླ་འདིའི་ཚེས་༥ ཉིན་ཁེ་ན་ཌའི་བྷི་སི་ས་གནས་སུ་འཛམ་གླིང་ཞི་བདེ་དང་། ཁོར་ཡུག་སྲུང་སྐྱོབ། བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་སོགས་ཀྱི་ཆེད་དུ་ནང་པའི་དུས་སྟོན་སྲུང་བརྩི་ཞུས་ཡོད་འདུག
ཟླ་འདིའི་ཚེས་༥ ་ཉིན་བྷི་སིའི་ནང་(Helena Gutteridge Plaza at city hall) ཞེས་པའི་ས་ཚིགས་སུ་འཛམ་གླིང་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ། བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་སོགས་ཀྱི་ཆེད་དུ་ནང་པའི་དུས་སྟོན་སྲུང་བརྩི་ཞུས་ཡོད་འདུག

ཐེངས་འདིའི་མཛད་སྒོའི་ཐོག་ཏུ་ནང་པའི་དགོན་སྡེ་དང་ཆོས་ཚོགས་ཁག་མཉམ་ཞུགས་ཐོག་ཐང་ཀ་དང་ནང་པའི་སྒྱུ་རྩལ་དངོས་པོ་ཁག་ཅིག་འགྲེམས་སྟོན་དང་། རིག་གཞུང་འཁྲབ་སྟོན་བྱས་ཡོད་པ་མ་ཟད། སངས་རྒྱས་ཀྱི་རིང་བསྲེལ་མཇལ་ཁ་བསྩལ་བ་སོགས་བྱས་ཡོད་འདུག
བྷི་སི་ས་གནས་ནང་པའི་མཐུན་ཚོགས་ནི་ཕྱི་ལོ་ ༢༠༡༥ ལོར་དགའ་བྱང་ཀླུ་འབུམ་མཚན་སྒྲོགས་རིན་པོ་ཆེ་དབུ་བཞུགས་བྱས་པའི་ས་ཕྱོགས་འདྲ་མིན་གྱི་ནང་པ་ཐུན་མོང་ལས་གྲུབ་པས་བཙུགས་པའི་ཚོགས་པ་ཞིག་ཡིན། ཕྱི་ལོ་ ༢༠༡༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝན་ཁུ་ཝ་བྷི་སི་ (Vancouver, BC) ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐབས། ཁུལ་དེར་ཡོད་པའི་བོད་མི་ཡོངས་དང་། སྟོན་པའི་རྗེས་འཇུག་ནང་པ་མང་པོས་མཉམ་གཅིག་ཏུ་༧གོང་ས་མཆོག་ལ་ཕེབས་བསུའི་དུས་སྟོན་གཟབ་རྒྱས་གོ་སྒྲིག་ཞུས་ཡོད་འདུག ལོ་དེའི་ཕྱི་ལོ་ནས་མཚན་སྒྲོགས་རིན་པོ་ཆེས་ནང་པའི་མཐུན་ཚོགས་ཤིག་དབུ་འཛུགས་གནང་བ་མ་ཟད། རིན་པོ་ཆེས་དབུ་ཁྲིད་ནས་ཁ་ན་ཌ་བྷི་སི་མངའ་སྡེའི་ནང་ཡོད་པའི་འབྲེལ་ཡོད་ནང་པ་སངས་རྒྱས་པའི་དགོན་པ་དང་ཆོས་ཚོགས་ཁག་གིས་བྷི་སི་མངའ་སྡེའི་གྲོས་ཚོགས་ནས་མངའ་སྡེའི་ནང་པའི་རིག་གཞུང་གི་ཉིན་མོ་ཞིག་གཞུང་འབྲེལ་གཏན་འབེབས་ཡོང་བའི་ཞུ་སྐུལ་རིམ་པ་ཞུས་རྗེས་ཕྱི་ལོ་༢༠༢༣ ལོར་མངའ་སྡེ་སྲིད་གཞུང་གིས་ལོ་ལྟར་ཕྱི་ཟླ་༥ རེས་གཟའ་ཉི་མ་དང་པོར་བྷི་སིའི་ནང་པའི་རིག་གཞུང་གི་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུའི་གཏན་འབེབས་གནང་བ་ལྟར། ད་ཐེངས་འདི་དུས་ཆེན་སྲུང་བརྩི་ཞུས་པ་ཐེངས་གཉིས་པ་ཆགས་ཀྱི་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
