ཁྲག་ཞལ་འདེབས་ཀྱི་ལས་འགུལ་སྤེལ་སོང་།

ཟླ་༡༡ པའི་ཚེས་༢༢ ཉིན་ཧི་མ་ཅལ་མངའ་སྡེའི་ཀང་ར་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ཡོད་པའི་ཊན་ཌ་རྒྱ་གར་གཞུང་གི་སྨན་ཁང་དང་། དྷ་སར་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་དང་བོད་ཀྱི་སྨན་རྩིས་ཁང་བཅས་ཀྱིས། གཞུང་གི་སྨན་ཁང་ནང་ནད་པ་ཚང་མར་ཁྲག་རིན་མེད་དང་སྡེ་ཚན་གང་དགོས་ཀྱི་དགོས་མཁོ་སྒྲུབ་ཐུབ་ཆེད། ཁྲག་ཞལ་འདེབས་ཀྱི་ལས་འགུལ་ཐེངས་གཉིས་པ་སྨན་རྩིས་མཐོ་སློབ་ཏུ་སྤེལ་ཡོད་པ་རེད།

སྨན་པ་བསྟན་འཛིན་ཚེ་དབང་།

འདི་གའི་གསར་འགོད་པས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་ཚེ་དབང་ལ་བཅར་འདྲི་བྱས་ཏེ་གནས་ཚུལ་རྒྱུས་ལོན་བྱུང་བར། སྤྱིར་བཏང་ཁྲག་ཞལ་འདེབས་རྒྱག་རྒྱུ་དེས་རང་ཉིད་སྒེར་གྱི་འཕྲོད་བསྟེན་ལ་ཡང་ཕན་གྱི་ཡོད་པ་དང་། དེ་ཡང་ཟླ་བ་གསུམ་རེའི་རྗེས་ལ་ཞལ་འདེབས་རྒྱག་རྒྱུ་ཡོད་པས། ཐེངས་འདིར་བོད་པའི་སྤྱི་ཚོགས་ནང་ལ་ཁྲག་ཞལ་འདེབས་རྒྱག་ནས་ཕན་ཡོན་གང་ཡོད་གོ་རྟོགས་སྤེལ་ཆེད་དང་། ཊན་ཌ་རྒྱ་གར་གཞུང་གི་སྨན་ཁང་དུ་རྒྱ་གར་དང་བོད་མི་རྣམས་ལ་གཤག་བཅོས་སོགས་ཀྱི་སྨན་བཅོས་སྐབས། ཁྲག་སྣོན་དགོས་པ་བྱུང་ཚེ་དེ་གའི་ཁྲག་གི་མཛོད་ཁང་ནས། ནད་པ་རྣམས་ལ་ཁྲག་གི་དགོས་མཁོ་སྒྲུབ་ཐུབ་ཆེད། དེ་བཞིན་རྒྱ་གར་གཞུང་གི་སྨན་ཁང་དེ་དང་བོད་མིའི་སྨན་ཁང་བར་འབྲེལ་ལམ་ཡར་རྒྱས་སོགས་ཀྱི་ཆེད་དུ། ཁྲག་ཞལ་འདེབས་ལས་འགུལ་དང་པོ་དེ་ལོ་སྔོན་མར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྤེལ་ནས། སྐབས་དེར་རང་འགུལ་ཐོག་ནས་མི་༣༠ ཙམ་གྱིས་ཞལ་འདེབས་བརྒྱབ་པ་བྱུང་ནས་གྲུབ་འབྲས་ཡག་པོ་ཐོན་པས། ཐེངས་འདིར་བསྐྱར་དུ་ལས་འགུལ་དེ་སྤེལ་ནས། གྲུབ་འབྲས་ཡག་པོ་ཐོན་པར་རེ་བ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

སྤྱིར་བཏང་བོད་མིའི་ནང་ཁྲག་གི་སྡེ་ཚན་(B+ve) ཡིན་མཁན་མང་པོ་ཡོད་པ་ལྟར། ཞལ་འདེབས་རྒྱག་མཁན་མང་པོ་ཡོང་གི་ཡོད་འདུག་པ་དང་། (O+ve)ཞལ་འདེབས་རྒྱག་མཁན་ཉུང་ཙམ་ཡོད་པ་རེད་འདུག

ཟླ་བ་རྒྱལ་མཚན།

ཁྲག་ཞལ་འདེབས་གནང་མཁན་ཟླ་བ་རྒྱལ་མཚན་ནི་སྨན་རྩིས་ཁང་དུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཁོང་གིས་ལས་འགུལ་དེར་མཉམ་ཞུགས་བྱེད་དོན་ནི་རང་ཉིད་གཟུགས་པོ་ཐང་པོ་ཡིན་ཡང་། མི་མང་པོ་ཞིག་ཁྲག་གི་དགོས་མཁོ་ཡོད་ཀྱང་རག་མ་ཐུབ་ནས་གྲོངས་ཀྱི་ཡོད་པ་དང་། ཁག་ཅིག་ཁྲག་ཉོ་བར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཀྱི་ཡོད་པས། དེ་དག་ལ་ཕན་ཐོགས་ཆུང་ཆུང་ཞིག་སྒྲུབ་ཆེད་ཡིན་སྐོར་འགྲེལ་བརྗོད་གནང་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།