འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རབས་༨༠ པའི་ཁྲི་སྟོན།
ཟླ་འདིའི་ཚེས་༢༥ ནས་ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་པོ་གསར་པ་མངའ་རིས་ཀླུ་འཁྱིལ་དགེ་བཤེས་ལྷ་རམ་པ་བློ་བཟང་རྒྱ་མཚོ་ལ་༧གོང་ས་མཆོག་གིས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རབས་༨༠ པར་ཕྱག་རྟགས་ཕེབས་དོན་ལྟར་ཁྲི་སྟོན་རྟེན་འབྲེལ་མཛད་སྒོ་ཞིག་སྒོ་མང་གྲྭ་ཚང་དུ་འཚོགས་ཡོད་པ་རེད།
དེ་ཡང་འབྲས་སྤུངས་སྒོ་མང་མངའ་རིས་ཀླུ་འཁྱིལ་དགེ་བཤེས་ལྷ་རམ་པ་བློ་བཟང་རྒྱལ་མཚན་ ནི་ཕྱི་ལོ་ ༡༩༦༦ ཟླ་བ་༡ ཚེས་༡༣ ཉིན་ལ་དྭགས་ཝ་ཁ་ཞེས་པའི་ཡུལ་དུ་ཡབ་བློ་བཟང་ཉི་མ་དང་མ་ཡུམ་ཚེ་རིང་དཔལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ༡༩༧༧ ལོར་ལ་དྭགས་ཀླུ་འཁྱིལ་དགོན་དགའ་ལྡན་དར་རྒྱས་གླིང་དུ་ཆོས་སྒོར་ཞུགས་ནས་ཆོས་སྤྱོད་སོགས་ལ་སྦྱངས་བ་མཛད། དེ་ནས་དགོན་པའི་སྒྲིག་གཞིར་མ་མཐར་ཡང་ལོ་གསུམ་རིང་གདན་སར་འགྲོ་དགོས་པ་ལྟར། ༡༩༧༩ ལོ་མཇུག་ཏུ་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་དགེ་བའི་བཤེས་གཉེན་ཆེན་པོ་མཁན་ཟུར་རིན་པོ་ཆེ་ཚུལ་ཁྲིམས་ཕུན་ཚོགས་དང་མཁན་ཟུར་རིན་པོ་ཆེ་བློ་བཟང་བསམ་གཏན་རྣམ་གཉིས་གཙོས་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་ཐོས་བསམ་མཐར་ཕྱིན་པའི་འབྲས་རྟགས་སུ་པོད་ལྔའི་རབ་འབྱམས་པ་ཨང་དང་པོ་ཤ་སྟག་ཐོབ།
༡༩༩༢ ལོར་ནས་བཟུང་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་བྱེད་མགོ་བཙུགས་ནས་ད་ལྟའི་བར་དཔེ་ཁྲིད་རྒྱུན་སྐྱོང་གནང་མུས་དང་། ༡༩༩༤ ནས་༡༩༩༩ བར་ལོ་དྲུག་རིང་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་དུ་རྒྱུགས་སྤྲོད་གནང་ནས་གྲུབ་འབྲས་གཟེངས་ཐོན་གྱི་དགེ་བཤེས་ལྷ་རམ་པ་ཨང་དང་པོའི་མིང་རྟགས་ཐོབ་པར་གྲྭ་ཚང་རིན་པོ་ཆེ་ནས་ཚོགས་དབུས་སུ་གཟེངས་བསྟོད་ལྷག་རེག་གསོལ་བསྩལ་གནང་། དེ་བཞིན་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་སྔགས་ཀྱི་རྒྱུགས་སྤྲོད་སྐབས་སུ་ཡང་རྒྱུགས་འབྲས་ཨང་དང་པོ་ཐོབ་པར་གྲྭ་ཚང་དེ་ཉིད་གཟེངས་བསྟོད་དང་བྱ་དགའ་བཅས་བསྩལ།
༢༠༠༢ ལོར་སྒོ་མང་གྲྭ་ཚང་གི་འདུས་མང་བརྒྱ་ཆ་བདུན་ཅུ་བརྒལ་བས་འོས་འདེམས་ཀྱིས་ལོ་གཅིག་རིང་ཆོས་ཁྲིམས་པའི་ཐུག་འགན་བཞེས། ༢༠༠༤ ལོ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་རྒྱུགས་སྤྲོད་དོ་དམ་པའི་འགན་འཁུར་བཞེས་ནས་ལས་དོན་ཚགས་འཚུད་གང་ལེགས་བྱུང་བར་བརྟེན། སློབ་གཉེར་ཁང་ནས་ཕྱག་འཁྱེར་དང་ལྷ་རེག་བཅས་བསྩལ།
༢༠༠༧ ལོར་བོད་གཞུང་ཆོས་རིགས་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར་བྱེས་ཀྱི་རིས་མེད་གདན་ས་ཁག་དང་བཤད་གྲྭ་ཁག་ཏུ་སློབ་གཉེར་ཆུ་ཚད་ཉམས་ཞིབ་ལས་ཡུན་ཟླ་བཞིའི་རིང་གནང་། ༢༠༡༣ ལོར་གསང་ཆེན་སྨད་རྒྱུད་གྲྭ་ཚང་གི་དགེ་སྐོས་ཟླ་བཞིའི་རིང་གནང་། འདི་ལོར་དཔལ་ལྡན་བཀྲིས་སྒོ་མང་གྲྭ་ཚང་གི་དགེ་འདུན་འདས་མང་ཡོངས་ཀྱིས་མཁན་པོ་གསར་པའི་འོས་གཞིར་མང་མོས་ཀྱིས་འདེམས་ཐོན་བྱུང་བ་བཞིན། ཕྱི་ལོ་༢༠༡༥ ཟླ་༩ པའི་ཚེས་༢༦ ཉིན་༧གོང་ས་སྐྱབས་མགོན་རིན་པོ་ཆེས་སྒོ་མང་གྲྭ་ཚང་གི་མཁན་རབས་༨༠ པའི་ཕྱག་རྟགས་ཕེབས་གནང་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།