གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་འཛིན་སྐྱོང་གི་སློབ་སྟོན་པ་ཚོགས་མི་༢༥ ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་འདུག

ནང་པའི་གནས་ཆེན་རྡོ་རྗེ་གདན་དུ་ཡོད་པའི་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་ཐད་ཧིན་དཱུ་དང་ནང་པའི་བར་མི་མཐུན་པའི་རྙོག་གླེང་ཞིག་ཡོང་གི་ཡོད་པར་བརྟེན། ད་ཆར་བི་ཧཱར་མངའ་སྡེའི་གཞུང་གིས་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་ཐད་སློབ་སྟོན་པའི་ཚོགས་ཆུང་ཞིག་བཙུགས་གནང་འདུག་ལ། ཚོགས་ཆུང་དེའི་ནང་ཚོགས་མི་༢༥ བསྐོ་བཞག་བྱས་ཡོད་འདུག

ཕྱི་ཚེས་༣༠ ཉིན་(Hindustan)གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟ་བི་་ཧཱར་མངའ་སྡེའི་གཞུང་གིས་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་ཐད་སློབ་སྟོན་པའི་ཚོགས་མི་༢༥ ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་འདུག་ཅིང་། ཚོགས་ཆུང་དེའི་ཚོགས་མི་ནི་ནང་པའི་རྒྱལ་ཁབ་འབྲུག་དང་། ཐེ་ལན་ཌི། འབར་མ། ཉི་ཧོང་། ཀམ་བྷོ་ཌི་ཡ། སོག་པོ། ལྷོ་ཀོ་རི་ཡ། ཝི་ཐི་ནམ། ལོ་སི། ཤྲི་ལིངྐ་བཅས་རྒྱལ་ཁབ་༡༠ ཡི་རྒྱ་གར་ནང་དུ་ཡོད་པའི་གཞུང་ཚབ་པ་རྣམས་དང་། རྒྱ་གར་དུ་ཡོད་པའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་༧གོང་ས་མཆོག་གི་སྐུ་ཚབ་དང་། བི་ཧཱར་མངའ་སྡེའི་ཆོས་རིག་ལྷན་ཁང་གི་དྲུང་ཆེ། འབྲས་ལྗོངས་མངའ་སྡེའི་སྐུ་ཚབ། ཨ་རུ་ན་ཅལ། མ་ཧ་བྷོ་དྷིའི་ཆོས་ཚོགས་ཀྱི་དྲུང་ཆེ། ལ་དྭགས་གཞུང་གི་སྐུ་ཚབ། བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་གི་དྲུང་ཆེ་ཟུར་པ་སྐུ་ཞབས་སྣང་མཛད་རྡོ་རྗེ་བཅས་མངའ་སྡེ་དང་ས་གནས་གཞུང་གི་སྐུ་ཚབ་ཁྱོན་༡༡ དང་གཞན་བི་ཧཱར་མངའ་སྡེའི་གཞུང་གི་ཕྱི་འབྲེལ་དང་ཡུལ་སྐོར། རིག་གཞུང་། ལོ་རྒྱུས་ཉར་ཚགས་བཅས་ཀྱི་དྲུང་ཆེ་རྣམ་པ་བཅས་ཁྱོན་མི་༢༥ སློབ་སྟོན་པའི་ཚོགས་ཆུང་གི་ཚོགས་མིར་བསྐོས་འདུག ཁོང་རྣམ་པ་ཚོ་ལོ་གཉིས་རིང་བཞུགས་རྒྱུ་ཡིན་འདུག་ཅིང་། དུས་ཡུན་དེ་དག་གི་རིང་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་དང་། སྲུང་སྐྱོབ། ཉིན་རེའི་བྱེད་སྒོ་དག   མཆོད་རྟེན་ཕྱི་ནང་གི་ཁོར་ཡུག དེ་བཞིན་མཆོད་རྟེན་ཕྱི་ནང་དུ་ཉམས་གསོ་དང་། འཛུགས་སྐྲུན་ལས་གཞི་བཅས་གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་མཆོད་རྟེན་གཙོས་པའི་མཆོད་རྟེན་གྱི་ཉེ་འཁོར་དུ་ཡོད་པའི་གནས་ཆ་ཚང་གི་འཛིན་སྐྱོང་ཐད་སློབ་སྟོན་གྱི་འགན་འཁུར་གནང་རྒྱུ་ཡིན་འདུག སྤྱིར་དེ་སྔོན་རྡོ་རྗེ་གདན་གྱི་མཆོད་རྟེན་འཛིན་སྐྱོང་སོགས་ཀྱི་ཐད་ཧིན་དཱུ་དང་ནང་པའི་བར་རྙོག་གླེང་བྱུང་ནས་ནང་པའི་དགེ་འདུན་པ་ཚོས་ཉིན་༡༠༠ ལྷག་ཙམ་རིང་མུ་མཐུད་ལས་འགུལ་སྤེལ་ཡོད་པ་དང་།  ཁོང་རྣམ་པའི་དགོས་འདུན་གཙོ་བོ་ནི་ཕྱི་ལོ་༡༩༤༩ ལོའི་བཅའ་ཁྲིམས་དེ་མེད་པ་བཟོས་ཏེ། རྡོ་རྗེ་གདན་གྱི་འཛིན་སྐྱོང་དབང་ཆ་ཡོངས་རྫོགས་ནང་པའི་སྤྱི་ཚོགས་ལ་རྩིས་སྤྲོད་དགོས་པ་དང་། ད་ལྟའི་བཅའ་ཁྲིམས་ལྟར་དགོན་པའི་ལྷན་ཚོགས་ནང་ཧིན་དཱུ་དང་ནང་པའི་འཐུས་མི་གཉིས་ཀ་བསྐོ་བཞག་བྱེད་ཀྱི་ཡོད་པར་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། ལས་འགུལ་འདིའི་ཐད་རྒྱལ་ཁབ་གཞན་ནས་ནང་པ་ཚོས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་གནད་དོན་འདི་མུ་མཐུད་དེ་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། དེ་སྔོན་འཛིན་སྐྱོང་ནང་ཚོགས་མི་དགུ་ཡོད་འདུག་པ་དང་དེའི་ནང་ནས་ཧིན་དཱུ་བཞི་དང་ནང་པ་བཞི་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།