བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༩༦ ཕྱི་ལོ་ ༢༠༢༠/༠༤/༠༡
རྒྱ་ནག་ཝུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་དུག་གིས་འཛམ་གླིང་གི་ས་ཕྱོགས་གང་སར་གནོད་སྐྱོན་ཚབས་ཆེན་གཏོང་བཞིན་ཡོད་པ་དང་། འགྲོ་བ་མིའི་ལོ་རྒྱུས་ནང་འཛམ་གླིང་ཧྲིལ་པོའི་ཁྱོན་དུ་ནད་ཡམས་ལ་བརྟེན་ནས་གནོད་སྐྱོན་བཏང་བ་ནི་ཧ་ཅང་ཚབས་ཆེན་བྱུང་མྱོང་ལ། མི་ལ་སྐྱོན་ཆག་བྱུང་བའི་གྲངས་ཀ་ཡང་། ད་ལྟ་ཏོག་དབྱིབས་ནད་དུག་གི་གནོད་སྐྱོན་བྱུང་བའི་གནས་སྟངས་དང་བསྡུར་ན་འདི་ལས་རྦད་དེ་མང་བའི་གནས་ཚུལ་ཡང་བྱུང་མྱོང་ཡོད། འོན་ཀྱང་འཛམ་གླིང་ཧྲིལ་པོར་ཁྱབ་ཚད་ཀྱི་ཐོག་ནས་ལོ་འདིར་རྒྱ་ནག་ནས་བྱུང་བའི་ནད་ཡམས་འདི་ལྟ་བུ་ཞིག་ལོ་རྒྱུས་ནང་བྱུང་མྱོང་མེད། ནད་ཡམས་འདིར་ཚོད་འཛིན་དང་བཀག་སྡོམ་ཡག་པོ་ཞིག་བྱེད་མ་ཐུབ་ན་མི་ཤི་སྐྱོན་ཆག་གི་གནས་སྟངས་ཐོག་ནས་ཀྱང་ལོ་རྒྱུས་ཀྱི་ཟིན་ཐོར་འགྱུར་མི་སྲིད་པ་མ་རེད། ལྷག་པར་དུ་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གཙོ་བོ་རྒྱ་གར་ལ་མཚོན་ནའང་། ད་ལྟའི་ཆར་ནད་དུག་ཕོག་མཁན་མང་པོ་མེད་ཀྱང་། སྔོན་འགོག་དང་སྟངས་འཛིན་ཡག་པོ་བྱེད་མ་ཐུབ་ན་ཧ་ཅང་གི་ཉེན་ཚབས་ཅན་དུ་འགྱུར་ངེས་པ་རེད།
འཛམ་གླིང་སྤྱི་ཡོངས་ཀྱི་ནང་ནས་རྒྱ་གར་ནི་མི་འབོར་མང་ཤོས་ཨང་གཉིས་པ་ཡིན་པ་དང་། མི་གྲངས་དུང་ཕྱུར་བཅུ་གསུམ་བརྒལ་བའི་རྒྱལ་ཁབ་ཅིག་ཡིན། སྤྱིར་ད་ལྟའི་དུས་འདིར་རྒྱ་གར་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ནས་དཔལ་འབྱོར་གྱི་གནས་སྟངས་ཐོག་ནས་སྔོན་ཐོན་ཅན་ཨང་བཞི་པ་ཡིན་པའི་གནས་ཚུལ་ཡོད་པ་དང་། རྒྱ་གར་གྱི་ཕྱུག་བདག་ཆེན་པོ་ཨམ་བྷ་ནི་ལྟ་བུ་ལ་མཚོན་ན། ཤར་གླིང་ཨེ་ཤི་ཡ་ཧྲིལ་པོའི་ཁྱོན་ནས་ཕྱུག་བདག་ཆེ་ཤོས་དང་། འཛམ་གླིང་ཧྲིལ་པོའི་ཕྱུག་བདག་གི་ནང་ནས་ཀྱང་ཆེ་ཤོས་གྲས་སུ་ཚུད་པ་ལྟ་བུའི་རྒྱལ་ཁབ་ཅིག་ཡིན་ནའང་། སྤྱི་ཡོངས་ནས་རྒྱ་གར་ནང་དཔལ་འབྱོར་གྱི་གནས་སྟངས་ཞན་པའི་མི་ཡང་ཧ་ཅང་མང་པོ་ཡོད་པ་དང་། གཞུང་གི་བཀོད་ཁྱབ་ལ་ཉན་འཇོག་མི་བྱེད་མཁན་དང་། ཁོར་ཡུག་དང་རང་ཉིད་ཀྱི་འཕྲོད་བསྟེན་ལ་དོ་སྣང་མི་བྱེད་མཁན་ཧ་ཅང་མང་པོ་ཡོད། ད་ལྟ་རྒྱ་གར་གཞུང་གིས་ཁྱིམ་སྡོད་བཀའ་རྒྱ་བཀྲམ་ཡོད་ནའང་། ཕྱོགས་ཡོངས་ནས་དེ་ལག་བསྟར་བྱེད་ཐུབ་མིན་ནི་ཐེ་ཚོམ་དུ་གྱུར་ཡོད།
རྒྱ་གར་གྱི་མི་སེར་ཡིན་པ་སྡོད་གནས་ཙམ་ཡང་མེད་པའི་མི་འབོར་ཡང་ཉུང་ཉུང་ཞིག་གཏན་ནས་མིན་པ་དང་། དེ་དག་ལ་ཟས་གོས་ཀྱི་ཐོག་ནས་དཀའ་ངལ་ཡོད་པའང་མང་པོ་རེད། དེ་བཞིན་ཉིན་རེ་བཞིན་ཨར་པོ་རྒྱུག་པ་དང་། ཉིན་གླའི་ཡོང་འབབ་ཕྲན་བུ་ལ་བརྟེན་ནས་འཚོ་ཐབས་བྱེད་བཞིན་ཡོད་པའང་ཇི་སྙེད་ཅིག་ཡོད་པས། ཁྱིམ་སྡོད་བཀའ་རྒྱ་བཏང་བའི་སྐབས་སུ་གོང་དུ་བཤད་པའི་མི་དེ་དག་ལ་རྒྱ་གར་གཞུང་གིས་འཚོ་གོས་ཚང་མ་ནར་གཏོང་ཐུབ་པ་ཧ་ཅང་དཀའ་ལ། རྒྱ་གར་གྱི་ཕྱུག་བདག་རྣམས་ཀྱིས་རོགས་རམ་བྱས་ཀྱང་མི་འབོར་ཧ་ཅང་མང་བས་དཀའ་ཁག་གི་རང་བཞིན་དུ་གྱུར་ཡོད། དེར་བརྟེན་ཁྱིམ་སྡོད་བཀའ་རྒྱ་ལྷོད་ཡངས་སུ་བཏང་རྗེས་རྒྱ་གར་དུ་ནད་ཡམས་ཁྱབ་ཚད་དེ་རྩྭ་སྐམ་པོ་ལ་མེ་མཆེད་པ་བཞིན་འགྱུར་སྲིད་པ་རེད། སྡོད་གནས་མེད་པའི་མི་ཚང་འབོར་ཆེན་ཡོད་པ་དང་། ས་གནས་ཆུང་ཆུང་ཞིག་ཏུ་ཁྱིམ་ཚང་མང་པོ་མཉམ་གནས་མཉམ་སྡོད་བྱས་པ་ཡོད་སྟབས། ས་གནས་དེ་དག་ཏུ་ནད་ཡམས་ཁྱབ་ཚེ་བཀག་སྡོམ་བྱེད་རྒྱུར་ཧ་ཅང་དཀའ་ངལ་ཆེན་པོ་འཕྲད་ངེས།
རྒྱ་གར་ལྷོ་ཕྱོགས་དང་། བྱང་ཕྱོགས། བྱང་ཤར་དང་དབུས་ཁུལ་བཅས་སུ་བོད་མི་མང་པོ་ཞིག་གཞིས་ཆགས་ནས་བསྡད་ཡོད་པ་དང་། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གི་བཟོ་གྲྭ་དང་ལས་ཁུངས་ཁག་ཏུ་ལས་ཀ་བྱེད་མཁན་དང་། ཚོང་ཁང་དང་ཟ་ཁང་གཉེར་མཁན། མགྲོན་ཁང་དང་ཟ་ཁང་དུ་ཞབས་ཞུའི་ལས་ཀ་བྱེད་མཁན། ཚོང་ལས་ཙག་ཙིག་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན། སྨན་པ་དང་སྨན་ཞབས་པ། མཐོ་རིམ་སློབ་གཉེར་བ་སོགས་བོད་པ་མང་པོ་ཞིག་ཡོད་པས། རྒྱ་གར་དུ་ནད་ཡམས་ཁྱབ་བརྡལ་ཆེན་པོ་སོང་ན་བཙན་བྱོལ་བོད་མི་རྣམས་ལའང་རང་བཞིན་གྱིས་དཀའ་ངལ་མང་པོ་ཞིག་འཕྲད་ངེས་རེད། དེར་བརྟེན་འཚོ་བའི་ཐོག་ནས་གྲ་སྒྲིག་གང་ཐུབ་བྱེད་དགོས་པ་དང་། དེ་བས་ཀྱང་གལ་ཆེ་བ་ནི་བསམ་བློའི་ཐོག་ནས་གྲ་སྒྲིག་འཐུས་ཚང་ཞིག་བྱེད་མ་ཐུབ་ན། དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་མི་ཐུབ་པར་འགྱུར་ངེས་རེད། བསམ་བློའི་ཐོག་ནས་གྲ་སྒྲིག་འཐུས་ཚང་ཞིག་ཡོད་ཚར་བའི་རྗེས་སུ། འཚོ་བའི་མཐུན་རྐྱེན་གྱི་ཐོག་ནས་གོ་སྒྲིག་བྱེད་རྒྱུར་དཀའ་ངལ་ཆེན་པོ་དེ་ཙམ་འཕྲད་མི་སྲིད་སྙམ།
མདོར་ན་ད་ལོའི་རྒྱ་ནད་འདིས་འཛམ་གླིང་སྤྱི་ཡོངས་ལ་དཀའ་ངལ་ཆེན་པོ་ཞིག་སྤྲད་ཡོད་ཅིང་། ནད་ཡམས་འདི་ནི་མཐོན་པོ་ལ་ངོ་དགའ་དང། ཉམ་ཆུང་ལ་སྙིང་རྗེ་མི་བྱེད་པའི་གདུག་རྩུབ་ཅན་ཞིག་ཡིན་པས། འཕྲོད་བསྟེན་དང་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་འགལ་རྐྱེན་ཆེ་ཤོས་ཤིག་ཏུ་གྱུར་སོང་། གནས་སྟངས་འདི་ལྟ་བུའི་ཐོག་ནས་བསམ་བློ་བཏང་ན་བོད་པའི་གཏམ་དཔེ་རུ་ཨ་སེར་ཁ་བ་སྤྱི་འབབ་ཡིན་པ་ལས། རྒན་མོ་མ་བུར་དགོས་སྡུག་ལྟ་བུ་ཞིག་མིན་ནའང་། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་གཙོས་མི་རིགས་སྤྱི་ཡོངས་ལ་དཀའ་ངལ་ཆེན་པོ་འཕྲད་ཡོང་བའི་དུས་འདིར། ཕྱོགས་གང་ཐད་ནས་མཐུན་རྐྱེན་ལ་ཚད་ཡོད་པའི་བཙན་བྱོལ་སྤྱི་ཚོགས་ཤིག་ལ་མཚོན་ན་དེ་བས་ཀྱང་སེམས་ཁྲལ་དང་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར་ཡོད། གཙོ་ཆེ་ཤོས་བཙན་བྱོལ་བོད་མི་རྣམས་ཀྱིས་ཐབས་ཤེས་གང་ཡོད་ཀྱིས་ནད་ཡམས་སྔོན་འགོག་གི་ཐོག་ལ་ཤུགས་རྒྱག་དགོས་པ་ལས། ནད་དུག་ཕོག་ཚར་བའི་རྗེས་སུ་རང་གཞན་རོགས་གསུམ་ཚང་མ་ལ་གནོད་སྐྱོན་ཆེན་པོར་གྱུར་ཡོད།།