གཞས་མ་ལེ་ཌི་གྷ་གྷར་བཙན་གཡེམ་དོན་རྐྱེན་གྱི་སེམས་ནད།

ཨ་རིའི་གཞས་མ་གྲགས་ཅན་ལེ་ཌི་གྷ་གྷ་(Lady Gaga) རང་ལོ་༡༩ ལ་སོན་སྐབས་བཙན་གཡེམ་གྱི་དོན་རྐྱེན་བྱུང་ནས་སེམས་གཅོང་གི་ན་ཚ་ཕོགས་ཡོད་པ་མོ་རང་གིས་བརྗོད་འདུག

15310385_284766805258715_515696756_nདེ་ཡང་ཟླ་འདིའི་ཕྱི་ཚེས་༦ ཉིན་སྦི་སྦི་སི་གསར་ཁང་དུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་གཞས་མ་གྲགས་ཅན་ལེ་ཌི་གྷ་གྷ་ནིའུ་ཡོག་ས་གནས་ཀྱི་སྡོད་ཁང་མེད་པའི་ན་གཞོན་རྣམས་སུ་ལྟ་སྐོར་དུ་བསྐྱོད་སྐབས། མོ་ལ་བཙན་གཡེམ་གྱི་དོན་རྐྱེན་སྐོར་བཤད་དོན། “ངས་ད་བར་ང་ལ་བཙན་གཡེམ་གྱི་དོན་རྐྱེན་ལ་བརྟེན་ནས་བྱུང་བའི་སེམས་གཅོང་གི་ནད་ཡོད་པ་སུ་གང་ལ་ཡང་བཤད་མེད།” “ངའི་སྨན་པ་དང་། ནང་མི། གྲོགས་པོ་བཅས་ཀྱི་སྙིང་རྗེ་ལ་བརྟེན་ནས་ང་ད་ལྟ་འཚོ་ཐུབ་པ་བྱུང་སོང་ལ་དེ་དག་གིས་ངའི་ཚེ་སྲོག་བསྐྱབས་སོང་” ཞེས་དང་།

“སྒོམ་བརྒྱབ་པ་ལ་བརྟེན་ནས་ང་ལྷོད་ལྷོད་ཆགས་ཀྱི་འདུག་པས། ངས་ཉིན་ལྟར་སྒོམ་རྒྱག་གི་ཡོད་”ཅེས་དང་། “ན་ཚ་འདི་དྲག་སྐྱེད་ཡོང་བའི་སྨན་མཆོག་ཏུ་གྱུར་པ་ནི་སེམས་བཟང་པོ་བྱེད་རྒྱུ་དེ་རེད།”ཅེས་བརྗོད་ཡོད་འདུག

དེ་བཞིན་སྤྱི་ཚོགས་དྲ་རྒྱ་ཊུ་ཊེར་ནང་“དེ་རིང་ངའི་གསང་བ་ཆེ་ཤོས་དེ་འཛམ་གླིང་ལ་བསྒྲགས་པ་ཡིན། གསང་བ་ཉར་ན་དེས་སེམས་ནད་བཟོ་ཡི་འདུག” ཅེས་བཏང་ཡོད་འདུག

ལེ་ཌི་གྷ་གྷ་ནི་ད་ལྟ་རང་ལོ་༣༠ ལ་སོན་ཡོད་ཅིང་། དར་སྲོལ་ཆེ་བའི་པོབ་རོལ་གཞས་གཏོང་མཁན་སྐད་གྲགས་ཆེ་ཤོས་ཤིག་ཡིན་པ་རེད།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།