གཞོན་ལྷན་གྱི་དབུས་རྒྱུན་ལས་བདུན་གསར་འདེམས་བྱུང་སོང་།
ཟླ་འདིའི་ཚེས་༡ ཉིན་དྷ་སའི་ཉེ་འགྲམ་དུ་ཡོད་པའི་ཨིམ་པི་རལ་(Imperial Heights) གསོལ་མགྲོན་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༨ པ་མཇུག་སྒྲིལ་བ་དང་། དབུས་རྒྱུན་ལས་གསར་འདེམས་བྱས་སོང་།
ཚོགས་ཆེན་འདི་ནི་ཟླ་བ་སྔོན་མའི་ཚེས་༢༧ ནས་ཉིན་དྲུག་རིང་ཚོགས་ཡོད་པ་དང་། ཚོགས་ཆེན་འདིའི་ཐོག་ཏུ་ས་གནས་ཁག་༨༨ ཡོད་པའི་ནང་ནས་ས་གནས་ཁག་༤༥ ཡི་ཚོགས་བཅར་བ་ཁྱོན་བསྡོམས་༡༡༢ ཕེབས་ཡོད་པ་དང་། འདས་པའི་ཉིན་གྲངས་དྲུག་གི་རིང་ཚོགས་པའི་སྒྲིག་གཞི་གཞིར་བཟུང་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་དང་། ཚོགས་ཆེན་སྐབས་ ༡༧ ཐོག་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ལག་བསྟར་ཐུབ་མིན་གྱི་ཞིབ་བཤེར། རྒྱལ་བའི་༸སྐུ་ཕྱྭའི་གནད་དོན། མ་འོངས་པར་བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་ཕྱོགས་དང་། དེ་བཞིན་དམངས་གཙོའི་གོ་རྟོགས་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྤེལ་ཕྱོགས་སོགས་གྲོས་གཞི་དོན་ཚན་ ༩ ཐོག་གོ་བསྡུར་བྱས་ཡོད་འདུག
ཐེངས་འདིའི་ཚོགས་ཆེན་ཐོག་ཏུ་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་སྐབས་བཅོ་བརྒྱད་པའི་རྒྱུན་ལས་གསར་འདེམས་བྱས་ཡོད་པ་དང་། རྒྱུན་ལས་གསར་པའི་ནང་དུ་ཚོགས་གཙོ་མགོན་པོ་པོ་དོན་འགྲུབ་དང་། ཚོགས་གཞོན་བཀྲ་ཤིས་རྟགས་བརྒྱད། དྲུང་ཆེ་བསོད་ནམས་ཚེ་རིང་། རྒྱུན་ལས་སུ་བསྟན་འཛིན་ལྷ་མོ་། ཡེ་ཤེས་ཆོས་འཕེལ། ཚེ་རིང་ཆོས་འཕེལ། སངས་རྒྱས་རྡོ་རྗེ་བཅས་ལ་འོས་ཐོབ་ཡོད་པ་རེད།
ཚོགས་འདུའི་མཇུག་ཏུ་དབུས་རྒྱུན་གསར་པ་རྣམས་ཀྱིས་ལས་ཁུར་དམ་འབུལ་བྱས་པ་དང་། དྷ་ས་ལ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་དབུས་རྒྱུན་གསར་པ་རྣམས་ལ་འཚམས་འདྲིའི་ཁ་བཏགས་འཐེན་ནས་འཚམས་འདྲི་ཞུས་རྗེས། ཚོགས་གཙོ་གསར་པ་མགོན་པོ་དོན་འགྲུབ་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་པ་འདི་ནི་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཤིག་དང་རྙིང་ཤོས་ཤིག་ཆགས་ཡོད་རེད་ལ། ཚོགས་པ་འདི་ནི་བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་ལས་དོན་ཐོག་ལ་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཞིག་རེད། དེར་བརྟེན་དུས་ད་ལྟའི་བར་དུ་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་ཉིད་ཀྱིས། འདས་པའི་ལོ་ངོ་ལྔ་བཅུ་ང་གཉིས་རིང་སྤྱི་ཚོགས་ཁྱོན་ཡོངས་ལ་ལས་ཀ་རླབས་ཆེན་བྱས་ཡོད་རེད། ད་ལྟ་ཡིན་ཡང་། དབུས་རྒྱུན་སྐབས་བཅོ་བརྒྱད་པ་གཙོ་བོ་བྱས་ནས་མ་འོངས་པ་ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་ལྷག་བསམ་རྣམ་དག་གིས་ལས་དོན་བྱེད་རྒྱུ་ཡིན་ཞེས་གསུངས་རྗེས་ཚོགས་འདུ་མཇུག་བསྒྲིལ་སོང་།།
གསར་འགོད་པ་བློ་བཟང་རྒྱ་མཚོ།
