བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༠༤ ཕྱི་ལོ་ ༢༠༢༠/༠༥/༢༨
ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཀོཊ་པེ་རི་(Scott Perry)ཡིས་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་ཨང་H.R. 6948 ཞེས་པ་ཞིག་བཏོན་པའི་ནང་། ཨ་རིའི་སྲིད་འཛིན་གྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཚབ་ཏུ་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་དགོས་པའི་སྐོར་འཁོད་ཡོད་པ་རེད། གནད་དོན་འདི་ཨ་རིས་གྲོས་ཚོགས་ནས་གཏན་འབེབས་གནང་ཐུབ་མིན་སོགས་ད་དུང་ཁ་ཚོན་བཅད་ནས་བཤད་དཀའ་ཡང་། གྲོས་ཚོགས་ནང་གནད་དོན་འདི་གླེང་སློང་ཙམ་གནང་ཡང་བོད་དོན་འཐབ་རྩོད་ལ་རྒྱལ་ཁ་ཆེན་པོ་ཞིག་ཏུ་གྱུར་ཡོད། གྲོས་འཆར་དེའི་ནང་བོད་ས་ཡོངས་རྫོགས་ཚུད་མེད་པའི་གནས་ཚུལ་ཞིག་ཡོད་འདུག་ཀྱང་། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ཀྱང་མུ་མཐུད་དུ་འབྲེལ་ཡོད་གྲོས་ཚོགས་ཀྱི་འཐུས་མི་སི་ཀོཊ་པེ་རི་དང་། གྲོས་ཚོགས་ཀྱི་འཐུས་མི་གཞན་རྣམས་ལའང་གྲོས་འཆར་གཏན་འབེབས་གནང་རྒྱུ་དང་། བོད་ས་ཡོངས་རྫོགས་ཚུད་དགོས་པའི་འབོད་སྐུལ་སྐྱབས་འཇུག་ཞུ་དགོས།
བོད་པ་ལ་མཚོན་ན་འདི་ནི་ཧ་ཅང་གལ་གནད་ཆེན་པོར་གྱུར་ཡོད་པ་དང་། ད་ལན་གྱི་གྲོས་འཆར་འདི་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཡིན་ནའང་འདྲ། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཤིག་དགོས་པའི་དགོས་འདུན་འདོན་མཁན་ག་འདྲ་ཡིན་ཡང་། ད་ལན་གྱི་གྲོས་འཆར་འདི་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་ཐུབ་ན། བོད་དོན་འཐབ་རྩོད་ཀྱི་ཐོག་ནས་མ་རྩ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་། གྲོས་འཆར་འདི་ནི་གཙོ་བོ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབས་དང་འབྲེལ་ནས་ཐག་གཅོད་གལ་གནད་ཅན་ཞིག་ཏུ་གྱུར་ཡོད། བོད་དེ་རང་བཙན་གྱི་གནས་བབས་ཡོད་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གྱི་གྲོས་ཆོད་ཅིག་འཇོག་ཐུབ་ན། དེའི་ཕྱི་ཉིན་ནས་བོད་རང་བཙན་ཐོབ་འགྲོ་བ་ཞིག་མིན་ནའང་། རྒྱ་དམར་གཞུང་གི་ངོས་ནས་དུས་རྒྱུན་བོད་དེ་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་གནས་བབས་ལ་ངོས་འཛིན་བྱེད་མཁན་རྒྱལ་ཁབ་སུ་གཅིག་མེད་པའི་འུར་སྒྲོག་ཡང་ཡང་བྱེད་བཞིན་ཡོད་པ་འདི་ལའང་ལན་འདེབས་ར་སྤྲོད་བྱས་པ་ཞིག་ཡིན།
ཨ་རིའི་གྲོས་ཚོགས་ནང་བོད་རང་བཙན་ཡིན་པར་ངོས་འཛིན་གྱི་གྲོས་འཆར་ཞིག་སླེབས་པ་དང་བགྲོ་གླེང་ཞིག་གནང་བ་ཙམ་གྱིས་བོད་དོན་ལ་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་དང་། ཨ་རི་ནི་འཛམ་གླིང་གི་ས་ཕྱོགས་གང་ས་ནས་མིག་དཔེ་བལྟ་ས་ཉག་གཅིག་ཏུ་གྱུར་པའི་རྒྱལ་ཁབ་དེ་ཡིན་པས། འཛམ་གླིང་གི་ཁྱོན་ཡོངས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཞིག་ཐེབས་ངེས་རེད། དེར་བརྟེན་གྲོས་འཆར་འདི་ནི་གཞུང་སྒེར་གཉིས་ངོས་ནས་སྣང་ཆུང་དུ་གཏོང་མི་རུང་བའི་གནད་དོན་གལ་ཆེ་ཞིག་ཏུ་གྱུར་ཡོད། འོན་ཀྱང་ཉེ་ཆར་ཨ་རིའི་སྐུ་ཚབ་དོན་གཅོད་དང་། བཙན་བྱོལ་བོད་གཞུང་གི་ཕྱི་འབྲེལ་མགྲིན་ཚབ་པ་གཉིས་ཀྱིས་དབུ་མའི་ལམ་ལ་འགྱུར་བ་མེད་ཅེས་སྐད་ཆ་རྙིང་པ་ཞིག་བསྐྱར་ཟློས་བྱས་པ་དེ་ནི། སྐབས་དོན་དང་མི་འབྲེལ་བས་བློ་ཕམ་གྱི་རང་བཞིན་ཡིན་པ་མ་ཟད། ཨ་རིའི་གཞུང་གིས་བོད་རང་བཙན་གྱི་གནས་བབས་ངོས་འཛིན་གྱི་གྲོས་ཆོད་གཏན་འབེབས་གནང་ཐུབ་པའི་དབང་བཏང་ན། ད་དུང་ང་ཚོས་དབུ་མའི་ལམ་ལ་འགྱུར་བ་མེད་པས་གྲོས་ཆོད་དེར་ངོས་ལེན་མེད་ཅེས་བརྗོད་འཆར་ཡོད་དམ།
ད་ལྟ་འཛམ་གླིང་གི་ཁྱོན་ཡོངས་སུ་རྒྱ་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པ་དང་། འདས་པའི་མི་ལོ་༢༠ ཙམ་གྱི་རིང་བྱུང་མ་མྱོང་བའི་གནས་ཚུལ་ཞིག་ཡོད་པ་དེ་ནི་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་གོ་སྐབས་ཉག་གཅིག་ཏུ་གྱུར་ཡོད་པས། གྲོས་ཆོད་འདི་གཏན་འབེབས་གནང་ཐུབ་སོང་ན་མ་འོངས་པར་རྒྱ་ནག་གི་གནས་སྟངས་ལ་འགྱུར་བ་འགྲོ་བའི་དུས་སྐབས་ཤིག་ཤར་ཚེ། བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཕྱོགས་ཀྱི་ལམ་ཐིག་གསལ་པོ་ཞིག་ཏུ་གྱུར་ཡོད། དེར་བརྟེན་ད་ལན་གྲོས་ཆོད་དེ་དབུ་མའི་ལམ་གྱི་སྲིད་བྱུས་དང་མི་མཐུན་པ་གང་ཡང་མེད་པར། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་བོད་དེ་ལོ་རྒྱུས་ནང་རང་བཙན་གཙང་མའི་གནས་བབས་དེར་འགྱུར་བ་གང་ཡང་བཏང་མེད་ལ། གཏོང་མི་ཤེས་པ་ཞིག་ཏུའང་གྱུར་ཡོད། དེར་བརྟེན་ད་ལྟའི་གནད་དོན་འདིའི་ཐོག་ལ་ཚང་མས་འབད་བརྩོན་དང་དོ་ཁུར་ཆེན་པོ་བྱེད་མ་ཐུབ་པར་འཐུས་ཤོར་དུ་སོང་ན། མ་འོངས་པར་འགྱོད་པ་མེ་ཤུགས་འཕུར་མདས་ཀྱང་རྗེས་མི་ཟིན་པ་ཞིག་ཡོང་ངེས་རེད།
མདོར་ན་བོད་རང་བཙན་ངོས་འཛིན་གྱི་གྲོས་འཆར་འདི་ནི། འདས་པའི་མི་ལོ་དྲུག་ཅུ་ལྷག་གི་ལོ་རྒྱུས་ནང་ནས་ཆེས་གལ་གནད་ཅན་གྱི་རྒྱལ་ཁ་ཞིག་ཡིན་པ་དང་། ཨ་རིས་གཞུང་གིས་ཨ་སྒོར་ས་ཡ་མང་པོ་གནང་བཞིན་པ་དང་བརྒྱ་ཡི་ཆ་དང་། སྟོང་གི་ཆ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་མི་ཉེ་བའི་གནད་དོན་གལ་ཆེ་ཞིག་ཡིན། འདི་ལ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་འབད་བརྩོན་ཆེན་པོ་བྱེད་དགོས་པ་དང་། ལོ་འདིའི་ནང་ལས་འགུལ་གྱི་དམིགས་འདུན་འདི་ཁོ་ནའི་ཐོག་ཏུ་སྒྱུར་ཐུབ་དགོས། འདས་པའི་མི་ལོ་དྲུག་ཅུའི་ནང་ནས་བོད་དོན་འཐབ་རྩོད་ཀྱི་གོ་སྐབས་ཐོག་ནས་བཤད་ན་ཆེས་གལ་གནད་ཅན་གྱི་ལོ་ཞིག་ཏུ་གྱུར་ཡོད་པས། རིམ་པས་ཡུ་རོབ་དང་། རྒྱ་གར་སོགས་སུའང་དེ་ལྟ་བུའི་ལས་འགུལ་སྤེལ་དགོས་པ་དང་། གནས་སྐབས་མཉམ་འབྲེལ་རྒྱལ་ཚོགས་ལས་འབྲེལ་ཡོད་རྒྱལ་ཁབ་སོ་སོར་ཞུ་གཏུག་བྱས་ན་ནུས་པ་ཆེ་བས། ༢༠༢༠ ལོའི་གོ་སྐབས་བཟང་པོ་དེ་ཤོར་སོང་ན་བོད་དོན་ལ་དེ་ལས་ཆེ་བའི་འཐུས་ཤོར་ཞིག་ཡོང་མི་སྲིད་སྙམ།།