གསུམ་བཅུའི་དུས་དྲན་ཐེངས་༦༤ ་ཕེབས་པའི་སྐུ་མགྲོན་རྣམ་པས་གསར་འགོད་གསལ་བསྒྲགས་སྤེལ་གནང་སོང་།

སྐབས་དེ་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མི་ཀུ་ལ་སི་པེག་ས་ (Mikuláš Peksa) མཆོག་གིས་འདས་པའི་ཉིན་གྲངས་གཉིས་གསུམ་རིང་ང་ཚོ་བོད་མིའི་སྒྲིག་འཛུགས་སུ་ལྟ་སྐོར་དང་། སྤྱི་ནོར་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ་ཡིན། བོད་མིའི་སྒྲིག་འཛུགས་ནས་མཉམ་རུབ་ཀྱིས་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་གནས་སྡོད་གནང་མཁན་བོད་མི་རྣམས་ལ་ལྟ་རྟོགས་ཡག་པོ་གནང་གི་ཡོད་པ་ཤེས་རྟོགས་བྱུང་ལ། བོད་མིའི་སྒྲིག་འཛུགས་དང་རྒྱ་གར་ཡུལ་མི་བར་ཕན་ཚུན་མཉམ་འབྲེལ་གྱིས་ཕྱག་ལས་གནང་གི་ཡོད་པ་ཤེས་རྟོགས་བྱུང་།རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱིས་བོད་ལ་དབང་བསྒྱུར་བྱས་ཏེ་བོད་མིའི་རང་དབང་དང་། མང་གཙོའི་རང་དབང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་བཅས་འཕྲོག་གི་ཡོད་སྟབས། ད་ལྟའི་ཆར་བོད་ནང་གི་བོད་མི་རྣམས་ལ་དཀའ་ངལ་འཕྲད་བཞིན་ཡོད། ༸གོང་ས་མཆོག་ལ་མཇལ་ཁ་ཞུས་པའི་སྐབས་མགོན་པོ་གང་ཉིད་མཆོག་གིས་མི་རིགས་མཐུན་སྒྲིལ་གྱི་སྐོར་དང་། ལྷག་པར་གོ་ལའི་ཚ་དྲོད་འཕེལ་བཞིན་པའི་སྐོར་དང་། དེའི་ཤུགས་རྐྱེན་སོགས་ཀྱི་སྐོར་བཀའ་སློབ་ཟབ་མོ་གནང་སོང་བས་ང་ཚོར་ཧ་ཅང་བློ་སྐྱེད་བྱུང་། ཞེས་གསུངས། མེེག་སི་ཀོོའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སལ་ཝ་ཌོོར་ཁ་རོོ་ (Salvador Caro Cabrera) མཆོག་གིས་གསུང་དོན།   མེེཀ་སི་ཀོོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པར་ཚོགས་མི་གྲངས་༡༩ ཡོད་པའི་ཁོངས་ནས་རྡ་སར་གྲོས་ཚོགས་འཐུས་མི་གྲངས་༩ སླེབས་ཡོད། ང་ཚོས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པའི་བསྐལ་བ་བཟང་པོ་བྱུང་ལ་།མེེག་སི་ཀོོའི་མི་མང་གིས་༸གོང་ས་མཆོག་ནི། ཞི་བདེ་སྐྲུན་མཁན་དང་ཆོས་ལུགས་ཕན་ཚུན་བར་གྲོས་མོལ་གནང་མཁན་གྱི་དབུ་ཁྲིད་ཅིག་ལ་རྩི་ཡི་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་བོད་ཀྱི་བདེན་མཐའ་གསལ་མཁན་ཞིག་ལ་རྩི་ཡི་ཡོད། དེར་བརྟེན་ང་ཚོ་འདིར་ཡོང་བ་ཡིན།

ང་ཚོས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་གཅིག་པུ་མ་ཡིན་པར་ལ་ཊིན་ཨ་མེ་རི་ཀ་དང་ཨ་ཕ་རི་ཀ་སོགས་ཀྱིས་གཙོས་འཛམ་གླིང་གི་ས་ཕྱོགས་མང་པོའི་ནང་དཀའ་ངལ་བཟོ་ཡི་ཡོད།  དཔེར་ན་རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག ཁོར་ཡུག་གཏོར་བཤིག་སོགས་བྱས་ཏེ་དཀའ་ངལ་བཟོ་ཡི་ཡོད་པ་ལྟར་འཛམ་གླིང་ས་ཕྱོགས་མང་པོའི་ནང་དེ་ལྟར་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་བོད་མི་དང་མཉམ་རུབ་ཀྱིས་རྒྱ་ནག་གི་བྱ་སྤྱོད་དང་རྒྱ་ནག་གཅིག་གི་སྲིད་བྱུས་འགོག་ཐབས་བྱེད་ཀྱི་ཡོད། བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཆོད་སེམས་ཧ་ཅང་བརྟན་པོ་ཡོད། ཅེས་གསུངས།ལི་ཐུ་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུ་ན་སི་ཝ་ལིན་སི་ཀ་སི་(Arunas Valinskas) མཆོག་གིས། ཕྲན་རང་ཉིད་ལི་ཐུའི་ནི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཞིག་ཡིན། བཙན་བྱོལ་བོད་མི་རྣམས་ནས་སྐུ་ངལ་འཛེམས་མེད་ཀྱིས་མང་གཙོའི་སྒྲིག་འཛུགས་འཐུས་སྒོ་ཚང་བ་ལག་བསྟར་གནང་གི་ཡོད་པ་ནི་སེམས་ཤུགས་བསྐྱེད་འོས་པ་ཞིག་རེད་ལ། ལི་ཐུ་ནི་ཡའི་གྲོས་ཚོགས་འཐུས་མི་དང་གཞུང་ཁོངས་མིན་པའི་ཚོགས་པ་སོགས་ནས་བོད་དོན་སླད་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་སོགས་གསུངས་སོང་།

གཞན་ཡང་གསར་འགོད་པས།  ཡུ་རོབ་མཐུན་ཚོགས་ནས་ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་དམིགས་བསལ་སྐུ་ཚབ་ཅིག་བསྐོ་བཞག་གནང་ཐུབ་མིན་སྐོར་བཀའ་འདྲི་ཞུས་པར་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མི་ཀུ་ལ་སི་པེག་ས་མཆོག་གིས། ཡུ་རོབ་མཐུན་ཚོགས་ནས་ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་དམིགས་བསལ་སྐུ་ཚབ་ཅིག་བསྐོ་གཞག་གནང་རྒྱུའི་ཐོག་བསམ་བློ་གཏོང་གི་ཡོད། ཅེས་གསུངས།

གསར་འགོད་པས། རྒྱ་ནག་གཞུང་ལ་བརྡ་ལན་ཅི་ཡོད་ཅེས་བཀའ་འདྲི་ཞུས་པར་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མི་ཀུ་ལ་སི་པེག་ས་མཆོག་གིས། བོད་མིའི་རང་དབང་སྒེར་ལངས་ཀྱི་འདུ་ཤེས་མུ་མཐུད་གོང་ནས་གོང་དུ་འཕེལ་བཞིན་ཡོད་ཅིང་། བོད་མི་རྣམས་ཀྱིས་བོད་མིའི་བདེན་པའི་འཐབ་རྩོད་མུ་མཐུད་རྒྱུན་སྐྱོང་མཐར་སྐྱེལ་གནང་བཞིན་པ་དེ་རྒྱ་ནག་གཞུང་གིས་གཏོར་བཤིག་གཏོང་ཐུབ་ཀྱི་མ་རེད། ཅེས་གསུངས། མེག་སི་ཀོོའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སལ་ཝ་ཌོོར་ཁ་རོོ་མཆོག་གིས། བོད་མི་རྣམས་ལ་ཆོས་ལུགས་ཀྱི་དབུ་ཁྲིད་རླབས་ཆེན་ཞིག་དང་། སྲ་བརྟན་ཕུགས་འཕེར་གྱི་བོད་མིའི་སྒྲིག་འཛུགས་ཤིག་ཡོད། ཅེས་ལན་འདེབས་གནང་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།