གོ་མིན་ཏང་གི་འགོ་ཁྲིད་དང་རྒྱ་ནག་གི་ཞི་ཅིན་ཕིང་དེ་རིང་ཐུག་འཕྲད་བྱས་འདུག


འདས་པའི་མི་ལོ་དགུའི་རྗེས་སུ་དེ་རིང་ཐེངས་དང་པོར། རྒྱ་ནག་གི་སྲིད་འཛིན་དང་ཐའེ་ཝན་གྱི་ཕྱོགས་འགལ་གོ་མིན་ཏང་སྲིད་དོན་ཚོགས་པའི་འགོ་ཁྲིད་གཉིས་ཐུག་འཕྲད་བྱས་འདུག ཐུག་འཕྲད་སྐབས་ཐའེ་ཝན་དང་རྒྱ་ནག་གཉིས་བར་ཞི་བའི་གྲོས་མོལ་ཐོག་ནས་ཕྱོགས་གཉིས་བར་གྱི་རྩོད་རྙོག་ཞི་འཇགས་ཡོང་ཐབས་བྱེད་དགོས་པ་བརྗོད་འདུག
ཕྱི་ལོ་༢༠༢༦ ཟླ་༤ ཚེས་༡༡ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་(SCMP)གྱིས་གནས་ཚུལ་སྤེལ་དོན་ལ། དེ་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐའེ་ཝན་གྱི་ཕྱོགས་འགལ་གོ་མིན་ཏང་སྲིད་དོན་ཚོགས་པའི་འགོ་ཁྲིད་བུད་མེད་ཁྲེང་ལི་ཝུན་(Cheng Li-wun) གཉིས་རྒྱ་ནག་པེ་ཅིན་དུ་ཐུག་འཕྲད་བྱས་འདུག་ཅིང་། ཐུག་འཕྲད་སྐབས་སུ་ཞི་ཅིན་ཕིང་གིས་གདེང་ཚོད་ཆེན་པོའི་ཐོག་ནས་མ་འོངས་པར་རྒྱ་ནག་དང་ཐའེ་ཝན་གཉིས་བར་སྔར་ལས་ཐག་ཇེ་ཉེ་དང་མི་མང་མཐུན་སྒྲིལ་ཇེ་ཟབ་ཏུ་འགྲོ་རྒྱུ་རེད་ལ། མཐར་གཅིག་འགྱུར་ཆགས་རྒྱུ་ནི་ཟློག་ཏུ་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཡིན་ཚུལ་བརྗོད་ཡོད་པ་བཀོད་འདུག
ཕྱི་ལོ་༢༠༡༦ ལོར་ཐའེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པའི་འགོ་ཁྲིད་ཧུང་ཞིའུ་ཀྲུའུ་(Hung Hsiu-chu) ཞེས་པ་ཁོང་རྒྱ་ནག་ལ་ཕྱིན་ནས་རྒྱ་ནག་གི་འགོ་ཁྲིད་དང་ཐུག་འཕྲད་བྱས་རྗེས་ད་བར་འགོ་ཁྲིད་གཞན་ཐུག་འཕྲད་བྱེད་མྱོང་མི་འདུག
ཐེངས་འདིར་གོ་མིན་ཏང་སྲིད་དོན་ཚོགས་པའི་འགོ་ཁྲིད་ཁྲེང་ལི་ཝུན་གྱིས་གཏམ་བཤད་འགོ་འཛུགས་བྱེད་དུས་ནས། རྒྱ་ནག་དང་ཐའེ་ཝན་གཉིས་བར་ཞི་བདེ་ཡོང་ཐབས་སུ་ཕྱོགས་གཉིས་བར་སྒྲིག་འཛུགས་རང་བཞིན་གྱི་ཐབས་ལམ་ཞིག་གི་ཐོག་ནས་ང་ཚོས་དམག་འཁྲུག་སྔོན་འགོག་དང་གཡོལ་ཐབས་བྱ་དགོས་ལ། ཐའེ་ཝན་མཚོ་འགག་དེ་འཛམ་གླིང་ཡོངས་ཀྱི་ཞི་བའི་ཐོག་ནས་རྩོད་རྙོག་སེལ་བའི་དཔེ་མཚོན་དུ་བསྒྱུར་དགོས་ཞེས་བརྗོད་འདུག ཕྱོགས་གཉིས་ཀས་མུ་མཐུད་ནས་སྒྲིག་འཛུགས་ཅན་དང་རྒྱུན་གནས་ཐུབ་པའི་གྲོས་མོལ་དང་མཉམ་ལས་ཀྱི་ལམ་སྲོལ་ཞིག་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་ཞི་བདེའི་ལྡོག་ཕྱོགས་སུ་མི་འགྲོ་བ་དང་། རྩོད་རྙོག་གི་རྒྱུ་རྐྱེན་ཐམས་ཅད་རྩ་བ་ནས་སེལ་དགོས་ཞེས་བརྗོད་འདུག
འོན་ཀྱང་། བུད་མེད་འགོ་ཁྲིད་དེ་ཐེངས་འདིར་རྒྱ་ནག་ལ་ཕྱིན་པ་དེར་ལྟ་ཚུལ་དང་བསམ་ཚུལ་འདྲ་མིན་ཡོང་བཞིན་ཡོད་འདུག གོ་མིན་ཏང་གི་འགོ་ཁྲིད་ཁྲེང་ལི་ཝུན་ལོ་སྔོན་མའི་ཕྱི་ཟླ་༡༠ ནང་འགོ་ཁྲིད་དུ་བསྐོས་དུས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་འཚམས་འདྲིའི་ཡི་གེ་བཏང་འདུག་ཅིང་། ཡི་གེ་དེའི་ནང་ཞི་ཅིན་ཕིང་གིས་མོ་རང་གོ་མིན་ཏང་གི་འགོ་ཁྲིད་དུ་བསྐོས་པར་འཚམས་འདྲི་དང་། མ་འོངས་པར་ཐའེ་ཝན་རྒྱ་ནག་མཉམ་དུ་ཟླ་སྒྲིལ་གཏོང་ཕྱོགས་ཐད་མཉམ་ལས་ཡོང་རྒྱུའི་རོགས་རམ་མམ་ནུས་པ་འདོན་དགོས་པ་བརྗོད་ཡོད་འདུག དེ་ལ་ཐའེ་ཝན་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་འདུག

པར། ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན།


དེ་བཞིན་མོ་རང་རྒྱ་ནག་ལ་ལྟ་སྐོར་དུ་འགྲོ་བའི་དུས་ཚོད་དེ། ཨ་རིའི་སྲིད་འཛིན་ཊོམ་རྒྱ་ནག་ལ་ལྟ་སྐོར་དུ་མ་ཕྱིན་པའི་སྔོན་དུ་ཁེལ་ཡོད་པས། ཨ་རིའི་སྲིད་འཛིན་ཊོམ་རྒྱ་ནག་ཏུ་འགྲོ་སྐབས་ཐའེ་ཝན་དང་རྒྱ་ནག་གཉིས་བར་གྱི་རྩོད་རྙོག་ཐད་གླེང་སློང་མི་གནང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་བརྗོད་འདུག་ལ། ཐའེ་ཝན་ནང་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པ་དང་མོ་རང་གི་ཚོགས་པ་གོ་མིན་ཏང་ནང་ཁུལ་ནས། དེ་རིང་མོ་རང་རྒྱ་ནག་ལ་ཕྱིན་པ་ལ་བརྟེན་ནས་རྒྱ་ནག་གིས་གནོད་ཤུགས་ཇེ་ཆེར་ཕྱིན་ཏེ། ཐའེ་ཝན་གྱི་བདེ་སྲུང་ཆེད་དུ་མ་དངུལ་གཏོང་ཕྱོགས་ཐད་འགོག་རྐྱེན་བཟོ་སྲིད་པ་དང་། ཨ་རི་དང་ཐའེ་ཝན་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པའི་ཉེན་ཁ་ཆེན་པོ་མཐོང་གི་ཡོད་འདུག
བདེ་སྲུང་མ་དངུལ་ཐད་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་ངོས་ནས་ཐའེ་ཝན་སྒོར་མོ་ཁྲག་ཁྲིག་༡.༢༥ ཙམ་གཏོང་རྒྱུར་བཀའ་འཁྲོལ་ཞུས་ཡོད་འདུག་ཀྱང་། གོ་མིན་ཏང་ཕྱོགས་འགལ་ཚོགས་པའི་ངོས་ནས་ཐའེ་ཝན་སྒོར་མོ་ཐེར་འབུམ་༣༨༠ ལས་ཆོག་མཆན་སྤྲོད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་མེད་པས། མ་འོངས་པར་དཀའ་ངལ་འཕྲད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།