གྲུབ་འབྲས་མེད་པའི་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས།

རྒྱ་ནག་གི་ཧང་ཀྲུའུ་གྲོང་ཁྱེར་དུ་ཟླ་འདིའི་ཚེས་༤ དང་༥ ཉིན་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་འཚོགས་ཡོད་ཀྱང་། གནད་དོན་གལ་ཆེན་གང་ཡང་ཐག་གཅོད་བྱུང་མེད་པས་གྲུབ་འབྲས་མེད་པའི་ལྷན་ཚོགས་ཤིག་ལ་ངོས་འཛིན་བྱེད་བཞིན་འདུག

14256611_1249032335120633_160559314_nལྷན་ཚོགས་སྐབས་རྒྱ་ནག་དང་ཨ་རིས་འཛམ་གླིང་གི་མཁའ་རླུང་ནང་དུག་རླུང་གཏོང་བའི་ཚད་གཞི་གཏན་འབེབས་བྱས་པའི་གསལ་བསྒྲགས་བྱས་ཡོད་པ་དང་། དེ་ཡང་ཕྱི་ལོ་༢༠༡༥ ལོར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འགྱུར་ལྡོག་གི་ལྷན་ཚོགས་སྐབས་སུ་མོས་མཐུན་བྱུང་བའི་གནད་དོན་ལྟར་བྱས་པ་ཡིན་འདུག

དེ་བཞིན་རྒྱ་ནག་གཙོས་པའི་ཨ་རི་སོགས་ཀྱིས་འཛམ་གླིང་གི་དཔལ་འབྱོར་ཚོང་ལས་ཁྲོད། རང་སྲུང་རིང་ལུགས་སམ་དངོས་ཟོག་ནང་འདྲེན་ལ་ཤོ་ཁྲལ་བཀལ་ཏེ། རང་གི་ཐོན་ཟོག་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ལ་ངོ་རྒོལ་བྱ་རྒྱུ་དང་། རྒྱལ་སྤྱིའི་ཚོང་ལས་ལ་རྒྱབ་སྐྱོར་བྱ་རྒྱུར་མོས་མཐུན་བྱུང་ཡོད་འདུག དེ་བཞིན་རྒྱལ་ཁབ་ཅིག་གིས་ངར་ལྕགས་ཚད་ལས་བརྒལ་བ་འདོན་སྤེལ་བྱས་ནས། ངར་ལྕགས་ཀྱི་རིན་གོང་ཆུང་དུ་སོང་བར་བརྟེན། རྒྱལ་ཁབ་གཞན་གྱི་ངར་ལྕགས་ཀྱི་ཚོང་ལས་སྡེ་ཚན་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་པས། ངར་ལྕགས་བཟོ་སྐྲུན་གྱི་ཚད་གཞི་ངེས་གཏན་དགོས་སྐོར་གྲོས་མོལ་བྱུང་ཡོད་འདུག

ཨ་རི་དང་ཨུ་རུ་སུ་གཉིས་བར་སི་རི་ཡའི་དམག་མཚམས་འཇོག་ཆེད་དུ་ལྷན་ཚོགས་ཀྱི་ཟུར་དུ་གྲོས་མོལ་བྱས་འདུག་ཀྱང་། མོས་མཐུན་བྱུང་ཐུབ་མི་འདུག་པ་དང་། རྒྱ་ནག་གི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་བྱ་སྤྱོད་ཐད། གདོང་ཐུག་བྱེད་མཁན་རྒྱལ་ཁབ་གཅིག་ཀྱང་བྱུང་མི་འདུག

རྒྱ་ནག་ནང་གི་ཨ་རིའི་ཚོང་ལས་སྡེ་ཚན་གྱི་འགན་འཛིན་གྱིས། རྒྱ་ནག་གིས་རང་སྲུང་ལམ་ལུགས་ལ་ངོ་རྒོལ་བྱས་ཡོད་ཀྱང་། དོན་དངོས་སུ་རྒྱ་ནག་ནང་རྒྱལ་སྤྱིའི་ཚོང་ལས་སྡེ་ཚན་ཚོར་ཚོང་ལས་བྱེད་པར་ཁྲིམས་སྒྲིག་གསར་པ་སོགས་ཀྱི་དཀའ་ངལ་དུ་མ་འཕྲད་བཞིན་ཡོད་པས། ཁ་ནས་བཤད་པ་དང་བྱེད་ལས་གཉིས་མཐུན་གྱི་མེད་སྐོར་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་བྱས་འདུག དེ་བཞིན་དབྱིན་ཡུལ་ནང་དུ་རྒྱ་ནག་གི་ངར་ལྕགས་གོང་ཆུང་མང་པོ་ཞིག་ནང་འདྲེན་བྱས་ནས། དབྱིན་ཡུལ་གྱི་ངར་ལྕགས་བཟོ་སྐྲུན་ཚོང་ལས་སྡེ་ཚན་ལ་གྱོང་གུད་ཐེབས་ཀྱི་ཡོད་སྐོར་དབྱིན་ཡུལ་གྱི་སྐུ་ཚབ་ཅིག་གིས་འགྲེལ་བརྗོད་བྱས་འདུག

ལྷན་ཚོགས་དེ་ཐེངས་དང་པོ་རྒྱ་ནག་ལ་འཚོགས་པ་ཡིན་འདུག་པས། དེའི་གྲ་སྒྲིག་ཡག་པོ་བྱུང་ཡོད་པ་ལས། གནད་དོན་གལ་ཆེན་ཐོག་ལ་གྲུབ་འབྲས་ཐོན་པའི་མོས་མཐུན་དང་འཆར་གཞི་གང་ཡང་བྱུང་མེད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།