༧གོང་ས་མཆོག་ཨོ་སི་ཁྲུ་ལི་ཡའི་རྒྱལ་ས་རུ་ཞབས་སོར་འཁོད་པ།

དེ་རིང་ཞོགས་པ་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་མལ་སྦོན་གནམ་ཐང་དུ་བོད་པའི་ཆོས་ཚོགས་ཁག་གི་དགེ་བཤེས་དང་དགེ་འདུན་པ་བོད་རིགས་མི་མང་བདུན་བཅུ་ལྷག་ཙམ་དེ་བཞིན་ཕྱི་རྒྱལ་བ་བཅས་དད་ལྡན་མི་མང་རྣམས་ཀྱིས་རང་ལུགས་ཀྱི་བོད་ཆས་གྱོན་ཏེ་ལག་ཏུ་མཇལ་དར་དང་མེ་ཏོག་དེ་བཞིན་བོད་པའི་སློབ་ཕྲུག་རྣམས་ཀྱིས་ལག་ཏུ་བཀྲ་ཤིས་རྟགས་བརྒྱད་བཟུང་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་༧གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་ལ།

ཨོ་སི་ཁྲུ་ལི་ཡའི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་མང་དག་ཞིག་གིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། བོད་མི་རེ་ཟུང་ལ་༧གོང་ས་མཆོག་འདིར་ཕེབས་པར་སེམས་ཚོར་ཅི་འདྲ་བྱུང་མིན་གྱི་བཅར་འདྲི་ཡང་བྱས་སོང་ལ། དེ་བཞིན་དུ་བོད་པའི་སྐོར་ལ་རྒྱུས་ལོན་བྱེད་བཞིན་འདུག

དེ་རིང་ནས་བཟུང་༧གོང་ས་མཆོག་གིས་ཨོ་སི་ཁྲུ་ལི་ཡའི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་དང་མཇལ་འཕྲད་ཀྱིས་གསར་འགོད་པའི་དྲི་བར་བཀའ་ལན་མཛད་རྒྱུ། ཨོ་སི་ཁྲུ་ལི་ཡའི་ཁུལ་དུ་གནས་སྡོད་བོད་རིགས་དང་སོག་རིགས་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་རྒྱུ་མ་ཟད།   རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་དང་། བོད་རིགས་དང་རྒྱ་རིགས་མཐུན་སྒྲིལ་ཚོགས་པའི་གོ་སྒྲིག་འོག་ ཨོ་སི་ཁྲུ་ལི་ཡའི་རྒྱ་རིགས་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་རྒྱུ། འདི་ག་ཨོ་སི་ཁྲུ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ལ་ཡང་མཇལ་འཕྲད་གནང་རྒྱུ་ཡིན་འདུག། ས་གནས་ནས་རིག་འཛིན་གྱིས་མཁོ་གཏོང་གནང་།།