གྲོས་ཚོགས་ནང་འཕོ་འགྱུར་བཏང་བའི་ཁྲིམས་ཞིབ་པ་གསུམ་ལ་ངོ་རྒོལ་ཆེད་ཟས་བཅད་ལས་འགུལ།
ཟླ་༨ པའི་ཚེས་༩ ཉིན་རྡ་ས་གངས་སྐྱིད་སྤོ་ལོ་རྩེད་ཐང་དུ། རྡ་ས་ས་གནས་ཉམས་པ་སླར་གསོའི་ལས་འགུལ་བ་རྣམས་ཀྱིས། གྲོས་ཚོགས་ནང་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་གསུམ་ཁྲིམས་ལུགས་ཀྱི་བརྒྱུད་རིམ་གང་ཡང་མེད་པར་ལས་གནས་སུ་ཕྱིར་ལོག་པར་ངོས་ལེན་མེད་པས་ལས་གནས་ནས་ཕྱིར་ཐོན་དགོས་པའི་དགོས་འདུན་ཐོག ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་བཙུགས་སོང་བ་དང་། ལས་འགུལ་དེ་དང་འབྲེལ་ནས་ཁྲིམས་ཞིབ་ཁང་གིས་དེ་སྔོན་ལས་གནས་སུ་ཕྱིར་ལོག་སྐབས་ཀྱི་ལངས་ཕྱོགས་རང་འཇགས་ཡིན་སྐོར་ལན་འདེབས་གནང་སོང་།
དེ་ཡང་ལས་འགུལ་བ་༢༥ ཞིག་མཉམ་ཞུགས་བྱས་འདུག་ལ། ཁོ་ཚོའི་མགྲིན་ཚབ་པས་གསུང་དོན་ལྟར་ན། ལས་འགུལ་དེ་ཟླ་འདིའི་ཟླ་མཇུག་བར་དུ་སྤེལ་བའི་ཆོག་མཆན་རྒྱ་གར་རྫོང་དཔོན་ནས་སྤྲད་ཡོད་པ་དང། ལས་འགུལ་ལ་དངོས་སུ་མཉམ་ཞུགས་བྱེད་འདོད་ཡོད་མཁན་མི་གྲངས་༡༠༠ ལྷག་ཡོད་ཀྱང་། རྫོང་དཔོན་ནས་མི་གྲངས་༢༥ མ་གཏོགས་འདུ་འཛོམས་མི་ཆོག་པའི་བཀའ་བཏང་ཡོད་པས། ལས་འགུལ་བ་རྣམས་རེས་མོས་བྱས་ཏེ་བཟས་བཅད་ངོ་རྒོལ་བྱེད་འཆར་ཡོད་འདུག
ཁོ་ཚོས་ཐང་སྟེང་དུ་སྦྱར་ཡིག་དང་འཕྲེད་དར་འདྲ་མིན་སྦྱར་ཡོད་པའི་ནང་། “རྒན་རབས་གཞུང་ཞབས་ཟུར་པས་དམག་དཔུང་བསྡུས། དྭགས་པོ་བསོད་ནམས་ནོར་བུས་དམག་སྣ་དྲངས། ཞི་བདེའི་བསྟི་གནས་དྲག་པོས་བཙན་བཟུང་བྱས། ཁྲིམས་མེད་ལུགས་མེད་ཁྲིམས་ཁང་ནང་ལ་བྱས།” “མང་གཙོའི་གསོལ་རས་༧གོང་ས་མཆོག་གིས་བསྩལ། ཁྲིམས་རྫུན་གསུམ་གྱིས་རྩིས་མེད་རྡོག་རོལ་བཏང་། ༧ཐམས་ཅད་མཁྱེན་པ་དངོས་སུ་ཞལ་བཞུགས་ཀྱང་། སྤྱོད་ངན་འཁྲབ་པའི་སྙིང་སྟོབས་གང་ནས་བྱུང་། ”
“གཞིས་ལུས་བོད་མིས་མི་རིགས་སྲོག་རྩ་འཛིན། རྒྱལ་ཁབ་ཆེད་དུ་རང་ལུས་མེར་སྲེག་བཏང་། བཙན་བྱོལ་ནང་ལ་སྒེར་གཅོད་དཔུང་སྒྲིག་དར། ཁྲིམས་དཔོན་ཟུར་པས་རྐུབ་བཀྱག་བཙན་བཟུང་བྱས། ”
“དྲང་བདེན་མེད་ན་ཡིད་ཆེས་མེད། ཡིད་ཆེས་མེད་ན་མཐུན་སྒྲིལ་མེད། མཐུན་སྒྲིལ་མེད་ན་འཐབ་རྩོད་མེད། འཐབ་རྩོད་མེད་ན་བོད་པ་མེད། ” “༧རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཚེ་བསྐལ་བརྒྱར་བརྟན་པོར་ཤོག ”
“ཁྲིམས་ཀྱིས་དབང་བསྒྱུར་ནི་མང་གཙོའི་ཚེ་སྲོག་ཡིན། གང་ཟག་གིས་དབང་བསྒྱུར་ལ་ནམ་ཡང་ངོས་ལེན་མེད།” “ཁྲིམས་དཔོན་ཟུར་པས་ཁྲིམས་བཤིགས་ན། བཅའ་ཁྲིམས་སྲུང་སྐྱོབ་སུ་ཡིས་བྱེད། སྒྲིག་འཛུགས་དཔོན་གྱིས་གཏོར་སོང་ན། མང་ཚོགས་ཡིད་རྟོན་སུ་ལ་བྱེད།”
“མི་ངན་གཅིག་གིས་ལུང་པའི་ཕུ་མདའ་དཀྲུག ཟས་ངན་གཅིག་གིས་ལུས་ཀྱི་སྟོད་སྨད་དཀྲུག བཀའ་ཟུར་སྤྱི་ཟུར་རྐུན་རྒྱབ་ཇག་ལངས་བྱས། རང་དོན་ཆེད་དུ་གཞུང་ཁྲིམས་ཆུ་ལ་གཡུགས།”ཅེས་སོགས་འཁོད་འདུག
ཁོ་ཚོས་སྤེལ་བའི་གསར་འགོད་བསྒྲགས་གཏམ་གཤམ་གསལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༡༠ པའི་ཐོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བཅའ་ཁྲིམས་ཀྱི་དགོངས་དོན་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་ཐོག་གྲོས་ཆོད་ཡིག་ཆ་ཨང་༣༩ པ་བཞག་ནས་འཕོ་འགྱུར་བཏང་བ་བཞིན། ཁྲིམས་ཞིབ་པ་རྣམ་པས་ཀྱང་ལས་མཚམས་བཞག འོན་ཀྱང་ཟླ་གཉིས་རྗེས་ཁྲིམས་མཐུན་གྱི་བརྒྱུད་ལམ་གང་ཡང་མ་བརྒྱུད་པར་སྔར་གྱི་ལས་གནས་སུ་ཕྱིར་ལོག་བྱས། དེའི་རྐྱེན་གྱིས་བོད་དོན་འཐབ་རྩོད་ཀྱི་གནས་བབ་ལ་དོ་ཕོག་དང་། མང་གཙོའི་ཀ་བ་གསུམ་སྦོ་ལུག་པ། བཅའ་ཁྲིམས་རིན་པོ་ཆེར་རྩིས་མེད་རྡོག་རོལ་གྱིས་གང་ཟག་གི་དབང་བསྒྱུར་དུ་སོང་ཞིང་། ནང་ཁུལ་དུ་རྣོ་ངར་ཆེ་བའི་འགལ་ཟླ་འགོ་ཚུགས་ནས་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་མུ་མཐུད་འབྱུང་བཞིན་པར་བརྟེན། འདི་ནས་མི་གྲངས་༩༨༦ ཡིས་མཚན་རྟགས་བརྒྱབ་པའི་སྙན་ཞུ་ཞིག་དང་། མི་གྲངས་༣༡༠༦ གིས་མཚན་རྟགས་བརྒྱབ་པའི་སྙན་ཞུ་ཞིག་བཅས་སྔ་རྗེས་ཕུལ་ཡོད། བཞུགས་སྒར་དྷ་ས་དང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ། ཧུན་སོར། ཀོ་ལི་གྷལ། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་སོགས་སུ་མི་མང་དང་བླང་གི་ཐོག་ནས་ཁྲིམས་ཞིབ་པའི་མིང་ཁུར་བ་རྣམས་ཁྲིམས་ཞིབ་ཁང་ནས་ངེས་པར་ཕྱིར་ཐོན་དགོས་པའི་འབོད་སྐུལ་གྱི་ལས་འགུལ་སྤེལ་ཡོད།
མི་མང་གི་སེམས་ཚོར་ལ་ད་བར་བསམ་ཤེས་གང་ཡང་མ་གནང་བར་བརྟེན། འདི་ག་དྷ་ས་ས་གནས་ཉམས་པ་སླར་གསོའི་མི་མང་དང་བླང་ལས་འགུལ་ཚོགས་ཆུང་གི་ངོས་ནས་ས་གནས་འབྲེལ་ཡོད་གཞུང་དང་། རང་གཞུང་བཅས་ལ་རིམ་པ་བཞིན་བཀའ་འཁྲོལ་ཞུས་ནས། དེ་རིང་ཕྱི་ཟླ་༨ ཚེས་༩ ཉིན་གངས་སྐྱིད་རྒྱལ་སྒོའི་འགྲམ་ནས་དབུ་འཛུགས་ཀྱིས་འཕྲེད་དར་བཤམ་རྒྱུ་དང་། དེ་རིང་ནས་བཟུང་ཟས་བཅད་ལས་འགུལ་ཞིག་ཟླ་འདིའི་ཟླ་མཇུག་བར་སྤེལ་འཆར་ཡོད།
དགོས་འདུན་གཙོ་བོ་ནི། བོད་ཀྱི་རྩ་དོན་འཐབ་རྩོད་འཐུས་ཤོར་མི་འགྲོ་བ་དང་། ཁྲིམས་མཐུན་གྱི་མང་གཙོའི་ཀ་བ་གསུམ་གྱི་སྒྲིག་འཛུགས་སླར་གསོ་ཡོང་ཆེད། ཁྲིམས་ཞིབ་པ་ཟུར་པ་གསུམ་ངེས་པར་དུ་ཁྲིམས་ཞིབ་ཁང་ནས་ཁ་བྲལ་ཏེ་ཁྲིམས་ཞིབ་པའི་ཞབས་སྟེགས་སྟོང་པ་བཟོ་དགོས། ཇི་སྲིད་ཁྲིམས་ཞིབ་པ་ཟུར་པ་གསུམ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མ་བྲལ་བ་དེ་སྲིད་བར་དུ་ང་ཚོའི་ལས་འགུལ་ནམ་ཡང་མཚམས་འཇོག་མེད་པ་མ་ཟད། ད་དུང་ས་གནས་གང་ས་ནས་ལས་འགུལ་གཞི་རྒྱ་ཆེ་རུ་གཏང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད།
ལས་འགུལ་བ་རྣམས་ཀྱི་མགྲིན་ཚབ་པ་བྱང་ཆུབ་རིན་ཆེན་གྱིས། གསར་འགོད་པའི་དྲི་བ་འབྲེལ་ནས་གསུང་དོན་ལ། ཁྲིམས་ཞིབ་པ་ཟུར་པ་གསུམ་ཁྲིམས་ཁང་ནས་ཕྱིར་ཐོན་ཚེ། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་དཀའ་ངལ་དེ་སེལ་ཐུབ་རྒྱུ་ཡིན་པར་གདེངས་ཚོད་ཆེན་པོ་ཡོད་པ་དང་། ཁོ་ཚོའི་ངོས་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་བདམས་ཐོན་སྲིད་སྐྱོང་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁོང་དང་སྤྱི་འཐུས་ཀྱི་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་གཉིས་ཀྱི་དམ་འབུལ་དེ་ཁྲིམས་མཐུན་ལ་ངོས་འཛིན་བྱེད་ཀྱི་མེད་སྐོར་གསུངས་སོང་།
གསར་འགོད་པ་ཁྲིམས་ཞིབ་ཁང་དུ་བཅར་ནས། ལས་འགུལ་དེའི་ཐོག་བསམ་ཚུལ་གང་ཡོད་དྲིས་པར། ལས་བྱེད་གཅིག་བརྒྱུད་ནས་ལན་འདེབས་གནང་དོན་ལ། དེ་སྔོན་ལས་གནས་སུ་ཕྱིར་ལོག་བྱས་པའི་སྐབས་སུ་སྤེལ་བའི་གསར་འགོད་བསྒྲགས་གཏམ་དེའི་ནང་གང་འཁོད་པའི་ལངས་ཕྱོགས་དེ་མུ་མཐུད་གནས་མུས་ཡིན་སྐོར་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
