གྲོས་ཚོགས་འཐུས་མི་ཞིག་གིས་རྒྱ་ནག་གི་ཨོ་རྩལ་ལ་ངོ་རྒོལ་བྱེད་པའི་རེ་སྐུལ་བྱས་འདུག
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཞིག་གིས། གལ་ཏེ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ནས་རྒྱལ་ཁབ་གཞན་ལ་གནས་སྤོ་མ་བྱས་ཚེ། ཨ་རི་དང་རྒྱལ་ཁབ་གཞན་གྱི་ཨོ་རྩལ་ལྷན་ཚོགས་ཚོས་རྒྱ་ནག་གི་ཨོ་རྩལ་ལ་ངོ་རྒོལ་གྱིས་མཉམ་ཞུགས་མི་བྱེད་པའི་གྲོས་འཆར་བཏོན་འདུག
ཟླ་༢ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་མཱེ་ཁེལ་ཝོལ་ཛ་(Micheal Waltz) ཡིས་གྲོས་འཆར་ཞིག་བཏོན་འདུག་པ་དང་། དེའི་ནང་ཁོང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་དེ་བཞིན་ཏོག་དབྱིབས་ནད་དུག་ཁྱབ་གདལ་སྦས་གསང་སོགས་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་ཁར། ལྷག་པར་དུ་འདས་པའི་ལོ་གཅིག་ནས་ཚབས་ཆེན་བྱ་སྤྱོད་དེ་དག་ཤུགས་ཆེ་རུ་བཏང་ཡོད་པས། གལ་ཏེ་ཕྱི་ལོ་༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ཏུ་འཚོག་ཚེ། རྒྱ་ནག་དམར་ཤོག་རྒྱལ་ཁབ་དེ་བློ་ཁོག་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་བརྗོད་ནས། ཨ་རིའི་ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལ་དགུན་ཁའི་ལྷན་ཚོགས་དེ་རྒྱ་ནག་ནས་རྒྱལ་ཁབ་གཞན་ལ་གནས་སྤོ་བྱེད་པའི་གྲོས་འཆར་འདོན་པའི་རེ་སྐུལ་བྱས་འདུག་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་ཨ་རི་དང་རྒྱལ་ཁབ་གཞན་གྱི་ཨོ་རྩལ་ལྷན་ཚོགས་ནས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་དེར་ངོ་རྒོལ་གྱིས་མཉམ་ཞུགས་མི་བྱེད་པའི་རེ་སྐུལ་བྱས་ཡོད་འདུག
དེ་བཞིན་གྲོས་འཆར་དེའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་གྲོས་འཆར་གྱི་འདྲ་བཤུས་དེ། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པའི་རྒྱལ་ཁབ་ཚང་མའི་གཞུང་ལ་མཁོ་སྤྲོད་བྱེད་པའི་རེ་སྐུལ་བྱས་ཡོད་པ་རེད་འདུག
དེ་ཡང་རྒྱལ་སྤྱིའི་ནང་བོད་དང་ཡུ་གུར། ལྷོ་སོག ཧོང་ཀོང་། ཐའེ་ཝན། རྒྱ་ནག་བཅས་ལས་འགུལ་བའི་ཚོགས་པ་༡༨༠ ལས་མང་བས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་ལ་ཞུ་གཏུག་གི་ཞུ་ཡིག་ཕུལ་ནས། ཨོ་རྩལ་འགྲན་ཚོགས་སུ་མཉམ་ཞུགས་མི་གནང་བའི་ནན་སྐུལ་བྱས་ཡོད་པ་དང་། ལས་འགུལ་ཡང་རིམ་པ་སྤེལ་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
