གྲོས་ཚོགས་ལས་ཉིན་༨ པར་ལས་ཁུངས་ཆེ་ཁག་གསུམ་གྱི་སྔོན་རྩིས་གཏན་འབེབས་དང་སྤྱི་ཡོངས་བགྲོ་གླེང་གནང་སོང་།
ཕྱི་ཟླ་༣་པའི་ཚེས་༢༥ སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བརྒྱད་པར་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་ནས། མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། སྔོན་རྩིས་གཏན་འབེབས་བཅས་གནང་སོང་། སྐབསདེར་སྤྱི་འཐུས་རྣམ་པས། རང་ཁ་རང་གསོའི་ཐོག་འབད་བརྩོན་ཤུགས་ཆེན་གནང་དགོས་པ། དང་བླང་དཔྱ་ཁྲལ་ལྡབ་གཅིག་ཙམ་སྤར་དགོས་པ། བཅའ་ཁྲིམས་ཀྱིས་བསྐུར་བའི་འགན་ཁུར་ནས་དང་བླང་དཔྱ་དངུལ་འབུལ་རྒྱུ་གལ་ཆེན་ཡིན་པ་དང་། ལྷག་པར་དུ་བོད་གཞུང་གིས་ཨ་རི་དང་ཁེ་ན་ཌ་ལ་མི་ཆིག་སྟོང་རེ་བཏང་ཡོད་པའི་ཐོག རྒྱལ་གཅེས་དཔའ་བོ་དཔའ་མོའི་མིང་ཐོག་ནས་ཨོ་གླིང་དུ་བཏང་བའི་བོད་མིའི་ཁྲོད་དང་བླང་དཔྱ་དངུལ་མ་ཕུལ་མཁན་ཡོད་མེད། མ་ཕུལ་མཁན་ཡོད་མི་རུང་བ་དང་འབུལ་མཁན་ག་ཚོད་ཡོད་མེད།

བོད་མིའི་སྒྲིག་འཛུགས་དེ་བོད་ཀྱི་བདེན་མཐའ་མ་སེལ་བར་གནས་དགོས་པ་དང་། ད་ལྟའི་ཆར་སྒྲིག་འཛུགས་ཀྱི་དཔལ་འབྱོར་བརྒྱ་ཆ་༩༠% རོགས་ཚོགས་ལ་བརྟེན་དགོས་པའི་གནས་སྟངས་འོག བོད་མིའི་སྒྲིག་འཛུགས་ཀྱིས་ཚོགས་པ་ཟུར་འཛུགས་དང་བོད་མི་ཚོས་དངུལ་སྒོར་ཞལ་འདེབས་སོགས། རང་ཁ་རང་གསོའི་ཐོག་འབད་བརྩོན་གནང་གལ་ཆེ་བ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཡར་རྒྱས་གཏོང་འཆར་ཡོད་མེད། བསྲི་ཚགས་བྱེད་རྒྱུ་ལ་དགོངས་པ་བཞེས་དགོས་པ་སོགས་ཀྱི་ཐོག་ལ་དོགས་འདྲི་དང་དགོངས་ཚུལ་ཕུལ་བར། དཔལ་འབྱོར་བཀའ་བློན་གྱིས་ལན་འདེབས་གསལ་བཤད་གནང་རྗེས། དཔལ་འབྱོར་ལས་ཁུངས་ཀྱི་རྒྱུན་གྲོན། དམིགས་བསལ། ཟུར་བཀོལ། ཡིད་ཆེས་དགེ་རྩའི་ཟུར་བཀོལ། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ཟུར་བཀོལ། ལས་བྱེད་གསོལ་ཚང་གི་དམིགས་བསལ། ཟུར་བཀོལ་བཅས་གཏན་འབེབས་གནང་སོང་།
དེ་བཞིན་ཆོས་རིག་ལས་ཁུངས་སྔོན་རྩིས་གཏན་འབེབས་དང་འབྲེལ། སྤྱི་འཐུས་རྣམ་པས། གོ་སྟོན་དང་ཆོས་ལུགས་ཚོགས་ཆེན་སྐབས། བསྟན་བདག་བླ་ཆེན་མང་པོ་གདན་འདྲེན་ཞུ་རྒྱུ་ལྟར། ༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གདན་འདྲེན་བྱེད་འཆར་ཡོད་མེད། རྒྱ་གར་གཞུང་གིས་གཞུང་འབྲེལ་ཐོག་སངས་རྒྱས་ཀྱི་འཁྲུངས་སྐར་ཟབ་རྒྱས་སྲུང་བརྩི་ཞུ་བཞིན་ཡོད་པའི་ནང་། ཆོས་རིག་ལས་ཁུངས་ཀྱིས་མཉམ་ཞུགས་དང་ཆ་ཤས་ཇི་ལྟར་ལེན་གྱི་ཡོད་པ། ཆོས་རིག་ལས་ཁུངས་ཀྱིས་འགན་ཁུར་བའི་ཐོག་གཉན་ཆེན་ཐང་ལྷ་དང་ལྷ་མོ་ཚེ་རིང་མཆེད་ལྔ་བཅས་ཀྱང་གདན་ཞུ་བྱེད་དགོས་པ་ལས་སྣང་མེད་གཏོང་མི་རུང་པ། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་སྐུ་འཚོ་བཞུགས་ཡོད་མེད་ཐོག་ཤེས་རྟོག་བྱུང་ཡོད་མེད་སོགས་ཀྱི་དོགས་འདྲི་དང་དགོངས་ཚུལ་ཕུལ་བར། ཆོས་རིག་བཀའ་བློན་གྱིས་ལན་འདེབས་གསལ་བཤད་གནང་རྗེས། ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ། ཟུར་བཀོལ་བཅས་ཀྱི་སྔོན་རྩིས་གཏན་འབེབས་གནང་སོང་།
འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ། སྤྱི་འཐུས་རྣམ་པས། ནད་རིགས་སྔོན་འགོག་གི་གོ་རྟོགས་སྤེལ་གལ་ཆེ་བ། ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནང་ཁྲག་ཤེད་དང་གཅིན་པ་མངར་མོའི་ན་ཚ་ཕོག་མཁན་མང་བས་དེའི་ཐོག་ལ་སྔོན་འགོག་དང་གོ་རྟོགས་ཀྱི་ལས་གཞི་སྤེལ་གལ་ཆེ་བ་སོགས་ཀྱི་ཐོག་དོགས་འདྲི་དང་དགོངས་ཚུལ་ཕུལ་བར། འཕྲོད་བསྟེན་བཀའ་བློན་གྱིས་དེ་འབྲེལ་ལན་འདེབས་གནང་རྗེས། འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ། ཟུར་བཀོལ་བཅས་ཀྱི་སྔོན་རྩིས་གཏན་འབེབས་གནང་ནས་ལས་ཉིན་བརྒྱད་པ་གྲོལ་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།
