གླིང་ཚ་ཚེ་བརྟན་རྡོ་རྗེ་གར་སོང་ཆ་མེད་དང་ཁོང་གི་ལས་འགུལ།
ཟླ་འདིའི་ཕྱི་ཚེས་༢༨ཉིན་གྱི་ཕྱི་དྲོ་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་ནང་ཞི་བའི་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེས་བརྩམས་པའི་བོད་ཀྱི་ཞི་བའི་འཐབ་རྩོད་ཅེས་པའི་དེབ་ཅིག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་དབུ་འབྱེད་གནང་སོང་ལ། མཛད་སྒོའི་ཐོག་གླིང་ཚའི་ཨ་མ་སྡོམ་པ་སྐྱིད་དང་། མདོ་སྨད་རྒྱུན་ལས་ཀྱི་ཚོགས་གཙོ་གངས་རི། འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཚེ་རིང་མཚོ་མོ་སོགས་ཕེབས་འདུག
བོད་ཀྱི་ཞི་བའི་འཐབ་རྩོད་ཅེས་པའི་དེབ་འདི་ནི་འཐབ་རྩོད་དང་འབྲེལ་བའི་ཁོང་གི་བརྩམས་པའི་དེབ་གཉིས་པ་དེ་ཡིན་པ་དང་། འདི་ནི་ཁོང་གིས་བོད་དོན་ཞི་བའི་གོམ་བགྲོད་ཅེས་དྷ་ས་ནས་ལྷ་ས་བར་བསྐྱོད་འཆར་སྐབས། ལམ་བར་ནས་བལ་ཡུལ་བཙོན་ཁང་དུ་ཟླ་བ་དགུ་རིང་བཅུག་པའི་སྐབས་བྲིས་པ་ཞིག་ཡིན་པ་དང་། ད་ལྟ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དཔར་འགྲེམས་བྱས་འདུག འོན་ཀྱང་། གཞན་འཐབ་རྩོད་དང་འབྲེལ་བའི་རྩོམ་བོད་ཀྱི་ཞི་བའི་ཐབས་ལམ་ཞེས་པ་དེ་ཐེབ་སྡེར་ནང་བཅུག་སྟེ་པར་སྐྲུན་ཡོང་ཕྱིར་རྩོམ་པ་པོ་ཁོང་ཉིད་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཕུལ་ཡོད་སྐོར་འདུག་ལ། རྗེས་སུ་སྤྱི་ཟུར་རྨོག་རི་བསྟན་པ་སོགས་འབྲེལ་ཡོད་ཀྱིས་སྲིད་སྐྱོང་ལ་སྐད་ཆ་འདྲི་སྐབས། དེ་བརླགས་ཡོད་སྐོར་དང་། དེ་རྗེས་ཐེབས་སྡེར་རྙེད་ཡོད་ནའང་ཁ་འབྱེད་ཐུབ་ཀྱི་མེད་སྐོར་གསུངས་འདུག
ཐོག་མར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཚེ་རིང་མཚོ་མོས་སོ་སོའི་མི་རིགས་དང་རྒྱལ་ཁབ། རིག་གཞུང་དང་། ནང་མི་སོགས་མི་སྒེར་གྱི་གནས་སྟངས་གཉིས་བར་འདེམས་ཁ་ཞིག་སླེབས་དུས་གླིང་ཚ་ཚེ་བརྟན་རྡོ་རྗེས་ཁོ་རང་གིས་བོད་མི་མང་ལ་ཞབས་ཞུ་གནང་བ་བདམས་ཡོད་པ་དང་། དེ་བཞིན་གླིང་ཚ་གར་སོང་ཆ་མེད་དུ་སོང་བ་དེ་མི་གཅིག་གར་སོང་ཆ་མེད་དུ་སོང་བའི་དཀའ་སྡུག་ཙམ་མིན་པར་ཤུལ་ལུས་ནང་མི་ཡོངས་ལ་ཉི་མ་དང་། ཆུ་ཚོད། ཐ་ན་སྐར་མ་རེ་རེར་ན་ཚ་དང་སེམས་ཁྲལ་ཤུགས་ཆེན་ཁུར་ནས་སྡོད་དགོས་ཚུལ། དེ་བཞིན་གླིང་ཚས་དམིགས་ཡུལ་ཆེན་པོ་ཞིག་བཟུང་ནས་ལོ་རྒྱུས་ཆེན་པོ་ཞིག་སྐྲུན་ནས་ཕེབས་ཡོད་ཀྱང་། ང་ཚོའི་ངོས་ནས་ཁོང་སླར་ཡང་ང་ཚོའི་སྤྱི་ཚོགས་སུ་མྱུར་དུ་ཚུར་ཕེབས་ཐུབ་པའི་རེ་བ་དང་སྨོན་ལམ་རྒྱག་གི་ཡོད་པ་སོགས་གསུངས་སོང་།
དེ་རྗེས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གསུང་དོན་དུ། “གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་དོན་ཞི་བའི་འཐབ་རྩོད་གནང་བའི་ཐོག་མའི་ཀུན་སློང་དང་ཞི་བའི་འཐབ་རྩོད་ནང་དངོས་སུ་ཞུགས་པའི་རྒྱབ་ལྗོངས་སོགས་ལ་རྒྱུས་ལོན་བྱས་ན། ཐོག་མའི་ཀུན་སློང་དེ་ཕྱི་ལོ་ ༡༩༩༣ ལོ་ཡས་མས་ཤིག་ལ་བོད་ནང་རྒྱ་མིས་བཙན་འཛུལ་བྱས་པའི་དངོས་བྱུང་གློག་བརྙན་ཞེས་པ་ཞིག་ལ་གཟིགས་སྐབས་ང་ཚོའི་མི་རིགས་འདིས་དཀའ་ངལ་འདི་འདྲ་ཞིག་མྱངས་འདུག་བསམ་པ་འཆར་ནས་ཁོ་རང་ལ་བོད་དོན་འཐབ་རྩོད་བྱེད་རྒྱུའི་ཀུན་སློང་སྐྱེས་ཡོད་པ་རེད་འདུག ཀུན་སློང་དེ་འདྲ་ཞིག་གི་འོག་ནས་ཁོ་རང་བཙན་བྱོལ་ནང་སླེབས་རྗེས། བོད་མིར་རང་དབང་མ་ཐོབ་བར་དང་། ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་མ་ཐུབ་བར་དུ་ཞི་བའི་འཐབ་རྩོད་གནང་རྒྱུའི་དམིགས་ཡུལ་བཟུང་ཡོད་འདུག་“ཅེས་དང་། “བོད་མིའི་རང་དབང་མ་ཐོབ་བར་དུ་དང་༧སྐྱབས་མགོན་རིན་པོ་ཆེ་མཆོག་བོད་ནང་གདན་འདྲེན་ཞུ་མ་ཐུབ་བར་དུ། ཁོ་རང་གིས་ཞི་བའི་འཐབ་རྩོད་གནང་རྒྱུའི་དམ་བཅའ་དང་དམིགས་ཡུལ་ཡོད་པ་གཞིར་བཟུང་ཀུན་སློང་རྣམ་པར་དག་པ་ཙམ་མིན་པར། བོད་དོན་ཞི་བའི་འཐབ་རྩོད་ཐོག་དངོས་གནས་ཆོད་སེམས་བརྟན་པོ་ཡོད་པ་ཞིག་ཡིན་པ་རང་ཉིད་ཀྱིས་གསལ་པོ་རྟོགས་ཐུབ་ཀྱི་འདུག་”ཅེས་གསུངས་སོང་། ཡང་ཁོང་གིས་“ནམ་རྒྱུན་ང་རང་ཚོ་མི་དཀྱུས་མ་ཞིག་ཡིན་ན་བཙོན་ཁང་ནང་སྡུག་བསྔལ་གྱི་རང་བཞིན་ཞིག་ཡིན་ཡང་། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བལ་ཡུལ་བཙོན་ཁང་ནང་ཟླ་བ་༩ ཙམ་རིང་བཞུགས་སྐབས། ཁོས་ང་རང་ཉེས་པ་བསགས་ནས་བཙོན་ཁང་དུ་བསླེབས་པ་མིན་པར། མི་རིགས་ཀྱི་འཐབ་རྩོད་ཐོག་ལས་ཀ་བྱས་ནས་བཙོན་ཁང་ནང་ཡོང་བ་ཡིན་པས། ངའི་སེམས་སུ་དཀའ་ངལ་གང་ཡང་མེད་བསམ་པའི་ཀུན་སློང་ཁུར་ཐུབ་འདུག དེ་ཙམ་མ་ཟད། ངོ་མཚར་སྐྱེ་གཞིའི་ཀུན་སློང་གཞན་ཞིག་ལ། ང་འཐབ་རྩོད་པ་ཞིག་ཡིན་དུས་བཙོན་ཁང་ནང་མུ་མཐུད་གནས་བསྡད་ན་འཐབ་རྩོད་འཇུག་སྐྱོང་བྱེད་ཐུབ་ཀྱི་མི་འདུག་པས། འདི་ནས་ཐར་ཐབས་ཀྱིས་འཐབ་རྩོད་འཇུག་སྐྱོང་བྱེད་དགོས་བསམ་པའི་ཀུན་སློང་བཟུང་འདུག” ཅེས་གསུངས་སོང་ལ་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་ཡོད་ཚོས་དེའི་ཐོག་དོ་སྣང་གནང་གི་ཡོད་པ་ཡང་གསུངས་སོང་།
དེ་རྗེས་མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོ་གངས་རི་ལགས་ཀྱིས་“སྤྱིར་ང་ཚོའི་སྤྱི་ཚོགས་ནང་གླིང་ཚ་ཚེ་བརྟན་རྡོ་རྗེའི་སྐོར་ལ་ལབ་གླེང་མང་པོ་བྱུང་ཡོད་རེད་དེ། གླིང་ཚ་ཚེ་བརྟན་རྡོ་རྗེ་ཁོ་རང་གི་ངོས་ནས་བོད་མི་རིགས་བསྟན་སྲིད་ཀྱི་དོན་ལ་ཕ་མ་དང་ནང་མི། ཐ་ན་རང་གི་ཚེ་སྲོག་ཡན་ཆད་བློས་བཏང་ཡོད་སྟབས། ཁོ་རང་གི་ཤུལ་ལུས་རྗེས་དྲན་ནམ། ལོ་རྒྱུས་ཀྱི་སྟེང་གི་དེབ་གཅིག་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་བཏོན་པར་ཧ་ཅང་དགའ་པོ་བྱུང་། དམིགས་བསལ་གྱིས་ཐུགས་རྗེ་ཞུ་ཡི་ཡོད། རྒྱལ་སྤྱིིའི་རྩོམ་པ་པོ་དང་མཁས་དབང་མང་པོ་ཞིག་གིས། མི་གཅིག་ལ་ཚེ་སྲོག་གཅིག་ལས་མེད་པས། མི་དེས་ནོར་འཁྲུལ་ག་འདྲ་ཞིག་བཟོས་པ་ཡིན་ནའང་དེ་ལ་སྲོག་ལན་སྲོག་གི་འཇལ་བའི་ཉེས་ཆད་གཅོད་མི་རུང་ཞེས་གསུངས་ཡོད་པ་རེད། དེས་བསྟན་དོན་གཙོ་བོ་མིའི་ཚེ་སྲོག་ནི་རིན་ཐང་ཞིག་ཡིན་པ་དང་། རླབས་ཆེན་ཡིན་པ་དེ་སྒྲུབ་ཀྱི་ཡོད་རེད། ཡིན་ནའང་ང་ཚོའི་སྤྱི་ཚོགས་ནང་ལ་ཚུར་ཁ་འཁོར་ནས་བཤད་ན། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་རྒྱ་མིའི་རྒྱལ་དར་འཕྱར་བ་ཙམ་ལ་བརྟེན་ནས་ཁོ་རང་གི་རླབས་ཆེན་གྱི་ལས་ཀ་མང་པོ་ཞིག་དང་བྱས་རྗེས་མང་པོ་ཞིག་ལ་ང་ཚོའི་སྤྱི་ཚོགས་ནང་ཁྱད་མཚར་ཞིག་ཆགས་པ་རེད། འདིས་ག་རེ་མཚོན་གྱི་འདུག་ཟེར་ན། ང་ཚོས་མིའི་ཚེ་སྲོག་གི་རིན་ཐང་ངོ་མ་དེ་རྟོགས་ཀྱི་མེད་པ་དང་། ཕ་མ་དང་ནང་མི་ཚང་མ་བློས་གཏོང་བྱས་པའི་རླབས་ཆེན་གྱི་བྱས་རྗེས་དེ་མ་དྲན་པ་མཚོན་གྱི་འདུག་བསམ་གྱི་འདུག ” ཅེས་དང་། ཡང་ཁོང་གིས་“ཁ་སང་སྔོན་མ་སྲིད་སྐྱོང་མཆོག་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ངའི་འཁྲིས་ལ་ཡོང་ནས་ང་རང་གི་ལག་འོག་ནས་བརླགས་སོང་། དེར་ང་དཔེ་མི་སྲིད་འགྱོད་པ་སྐྱེས་ཀྱི་འདུག་ཟེར། སྲིད་སྐྱོང་གིས་དེ་ལབ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་གང་ལ་ཐུག་ཡོད་རེད་ཟེར་ན། ང་ཚོའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་མཁན་མང་པོ་ཞེ་དྲག་ཡོད་རེད་དེ། ལས་འགུལ་སྤེལ་བ་ཙམ་ལས་དེ་འདྲའི་བློས་གཏོང་ཆེན་པོ་བྱེད་མཁན་ཁག་པོ་རེད་ལ། ཉུང་ཉུང་རེད། དཀོན་པོ་རེད། དེར་བརྟེན་སྲིད་སྐྱོང་མཆོག་གི་ངོས་ནས་ཀྱང་ག་རེ་དྲན་ཡོད་རེད་ཟེར་ན། ཕར་གཅིག་འགྲོ་ན་ཏན་ཏན་ཚུར་ཡོང་གི་རེད་བསམ་དྲན་ཡོད་རེད། སྐབས་དེ་དུས་ང་རང་ཉིད་ཀྱིས་ངོས་ནས་ཀྱང་ཕར་གཅིག་འགྲོ་ནས་ཏན་ཏན་ཚུར་ལོག་གི་རེད་བསམ་དྲན་པ་ལས་དེ་འདྲ་རང་སྲོག་བློས་གཏོང་གི་ལས་ཀ་རླབས་ཆེན་ཞིག་ཡིན་པ་ཡིད་ལའང་དྲན་མ་སོང་། ཕར་གཅིག་འགྲོ། དེ་ནས་ཚུར་ལོག་པའི་གོམས་གཤིས་དེ་ང་ཚོར་ཡོད་རེད།”ཅེས་སོགས་གསུངས་སོང་།
མཐར་མཇུག་ཏུ་སྡོམ་པ་སྐྱིད་ཀྱིས་ཚེ་བརྟན་རྡོ་རྗེའི་ཚབ་བྱས་ཏེ་དཔེ་དེབ་དཔར་སྐྲུན་གནང་མཁན་དང་ཞུ་དག་གཏོང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཚེ་བརྟན་རྡོ་རྗེ་ལ་བོད་ཀྱི་ཞི་བའི་ཐབས་ལམ་ཞེས་པ་ཞིག་དང་། བོད་ཀྱི་ཞི་བའི་འཐབ་རྩོད་ཅེས་པའི་དེབ་གཅིག་བཅས་འཐབ་རྩོད་དང་འབྲེལ་བའི་དེབ་གཉིས་ཡོད་ཀྱང་། ཐེངས་འདིར་དཔར་སྐྲུན་བྱས་པའི་དེབ་འདི་ནི་བལ་ཡུལ་བཙོན་ཁང་དུ་ཡོད་སྐབས་བྲིས་པའི་བོད་ཀྱི་ཞི་བའི་འཐབ་རྩོད་ཟེར་བ་དེ་ཡིན་པ། གཞན་བོད་ཀྱི་ཞི་བའི་ཐབས་ལམ་ཞེས་པ་དེ་ཐེབ་སྡེར་ནང་བཅུག་སྟེ་ཚེ་བརྟན་རྡོ་རྗེ་ཁོ་རང་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ཕྱག་ཏུ་བཞག་ཡོད་ཀྱང་། རྗེས་སུ་པར་སྐྲུན་བྱེད་མ་ཐུབ་སྐོར་གསུངས་སོང་ལ། དེ་བཞིན་མོས་“ད་བར་ཚེ་བརྟན་རྡོ་རྗེ་བོར་ནས་ལོ་གསུམ་དང་ཟླ་བ་བདུན་འགོར་ཟིན་པ་རེད། ང་རང་ཨ་མ་ཞིག་ཡིན་པའི་ཆ་ནས་རང་སེམས་ན་དཀའ་སྡུག་མང་པོ་ཞིག་ཡོད་པ་ཚང་མས་ཤེས་གསལ་རེད། དེ་རིང་འདིར་ཡོང་མཁན་ཨ་མ་ཚོས་སོ་སོའི་ཕྲུ་གུར་བསམ་བློ་བཏང་ན་ཧ་ལམ་ངའི་སེམས་ཀྱི་དཀའ་སྡུག་བསྔལ་དེ་ཤེས་པ་རེད། ངས་རང་གི་བུ་ལ་ངོ་བསྟོད་བྱས་པ་མིན་དེ་ངའི་བུ་ལ་སྤྱི་དོན་ཐོག་བསམ་པ་རྣམ་དག་ཅིག་དང་ཀུན་སློང་གཙང་མ་ཞིག་ཡོད་པའི་ཡིད་ཆེས་བརྟན་པོ་ཡོད། དེ་ལ་ང་རང་གིས་བརྩི་བཀུར་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ད་ཆར་ཁོ་རང་གི་ཤི་གསོན་མི་ཤེས་ནའང་ང་རང་གིས་ད་དུང་ངའི་བུས་བོད་སྤྱི་པའི་དོན་ལ་ཕན་ཞིག་ཐོགས་པར་སྨོན་ལམ་རྒྱག་གི་ཡོད།”ཅེས་བརྗོད་སོང་།
གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཁོང་གི་ཨ་མ་ལྡོམ་པ་སྐྱིད། སྲིང་མོ་ལྷ་མོ་སྐྱིད་བཅས་ཀྱིས། ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ཉིན་དྷ་ས་ནས་འགོ་འཛུགས་ཀྱིས། བོད་དོན་ཆེད་ཞི་བའི་གོ་བགྲོད་ཀྱིས་ཕ་ཡུལ་བོད་དུ་འགྲོ་འཆར་བྱས་ཏེ་བལ་ཡུལ་བརྒྱུད་བསྐྱོད་སྐབས། གླིང་ཚ་ཚེ་བརྟན་རྡོ་རྗེ་བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཟླ་དགུའི་རིང་བཀག་ཉར་བྱས།
ཁོང་གིས་གོམ་བགྲོད་སྐབས་ལམ་བར་ནས་རྒྱ་ནག་གིས་ས་གནས་མི་རིགས་རང་སྐྱོང་གི་ཐོབ་ཐང་སྤྲད་ན་དེའི་འོག་འདུག་འདོད་ཡོད་པའི་རྣམ་འགྱུར་སྟོན་ཆེད་དུ། རྒྱ་མིའི་དར་དམར་ཞིག་འཕྱར་དེ་བསྐྱོད་པར་བརྟེན། མི་མང་ཁྲོད་ཁོང་གི་ལས་འགུལ་ལ་རྒྱབ་སྐྱོར་ཐུབ་མིན་གྱི་གླེང་སློང་སྣ་ཚོགས་བྱུང་ཡོད་པ་རེད། རྗེས་སུ་ཁོང་བལ་ཡུལ་བཙོན་ཁང་ནས་གློད་གྲོལ་ཐོབ་རྗེས། ༢༠༡༣ ལོའི་གསུམ་བཅུའི་དུས་དྲན་ཉིན་འགོ་འཛུགས་ཀྱིས་དྷ་ས་ནས་རྒྱ་གར་བྱང་ཤར་བརྒྱུད་བོད་དུ་བསྐྱོར་འཆར་བྱས་ཏེ་སོང་བ་དང་། ལམ་བར་ནས་ཁོང་གང་དུ་སོང་མིན་སུ་ཡིས་མ་ཤེས་པར་བོར་བརླགས་སོང་ཡོད་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
