གློག་བརྙན་བཟོ་སྐྲུན་པ་གསུམ་ལ་མ་དངུལ་ཧིན་སྒོར་འབུམ་གསུམ་རེ་ཐོབ་པ།

བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མིའི་ནང་གི་གློག་བརྙན་བཟོ་སྐྲུན་པ་རྣམས་ལ་མཐུན་རྐྱེན་བསྐྲུན་ཆེད། བོད་མི་གསུམ་ལ་ཧིན་སྒོར་འབུམ་གསུམ་རེའི་མ་དངུལ་གནང་ཡོད་པ་རེད། གློག་བརྙན་བཟོ་སྐྲུན་དེ་དག་ལ་བསམ་བློའི་རང་དབང་ཡོད་ཀྱང་བརྗོད་གཞི་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མཐུན་པ་དགོས་ཀྱི་ཡོད་པ་རེད།

ཟླ་༡༠ པའི་ཚེས་༢༥ ཉིན་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་ཚན་པས། ཚན་པ་དེའི་གློག་བརྙན་མ་དངུལ་ཐོབ་མཁན་གསུམ་གསལ་བསྒྲགས་ཀྱི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་དང་། དེ་གར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དབུས་པའི་ཕྱི་དྲིལ་གྱི་དྲུང་ཆེ་རྣམ་གཉིས་ཕེབས་ཡོད་པ་རེད།

ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་འགན་འཛིན་རྣམ་རྒྱལ་ཚེ་དབང་གིས། གློག་བརྙན་གྱི་མ་དངུལ་དེར་ཐོག་མར་སྙན་ཞུ་རྒྱག་མཁན་༡༢ བྱུང་ཡོད་པ་དང་། དེ་དག་ལས་འདེམས་སྒྲུག་བྱེད་མཁན་དུ་རང་དབང་ཅན་གྱི་གློག་བརྙན་བཟོ་མཁན་བསྟན་འཛིན་བསོད་ནམས་དང་སྐལ་བཟང་རིན་ཆེན། བསྟན་འཛིན་ཚེ་བརྟན་བཅས་ཀྱིས་ཟུར་དཔང་བྱས་ཏེ། མི་གསུམ་འདེམས་སྒྲུག་བྱས་རྗེས་ཟབ་སྦྱོང་སྤྲད་ཡོད་པ་རེད་འདུག དེ་བཞིན་འདེམས་སྒྲུག་བྱུང་བའི་གློག་བརྙན་བཟོ་སྐྲུན་པ་གསུམ་ལས་མི་རེར་ཟུར་དཔང་རེ་རེས་ལམ་སྟོན་བྱ་རྒྱུ་ཁས་ལེན་བྱས་འདུག འདེམས་སྒྲུག་བྱུང་བ་རྣམས་ལ་མཐུན་སྦྱོར་ཆེད་ཧིན་སྒོར་འབུམ་གསུམ་རེ་སྤྲད་རྒྱུ་ཡིན་པ་དང་། གློག་བརྙན་གྱི་སྔོན་འགྲོའི་ལས་གཞི་འགོ་བཙུགས་ཟིན་ཡོད་པས། ཕྱི་ལོ་༢༠༡༨ ལོའི་ཟླ་༢ ཚེས་༢༠ ཡི་སྔོན་ལ་གློག་བརྙན་དེ་དག་བཟོ་སྐྲུན་གྲུབ་ཟིན་དགོས་ཀྱི་ཡོད་འདུག

སྲིད་སྐྱོང་བློ་བཟང་སེང་གེས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐོག་མར་གློག་བརྙན་༥ ལ་མ་དངུལ་སྤྲོད་རྒྱུ་བྱས་ཡོད་ཀྱང་རྗེས་སུ་༣ ལ་སྤྲོད་རྒྱུ་ཐག་བཅད་པ། མ་དངུལ་དེར་ཐོག་མར་སྙན་ཞུ་རྒྱག་མཁན་༡༢ བྱུང་ཡོད་ཀྱང་དངོས་སུ་འདེམས་སྒྲུག་སྐབས་མཉམ་ཞུགས་བྱེད་མཁན་༦ ལས་བྱུང་མེད་པས། མ་འོངས་པར་མི་མང་ཙམ་མཉམ་ཞུགས་བྱེད་པའི་རེ་བ་རྒྱག་གི་ཡོད་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་རྒྱལ་སྤྱིའི་ནང་གློག་བརྙན་གྱི་བརྒྱུད་ལམ་གྱིས་མི་མང་བ་ལ་ཁྱབ་ཐུབ་ཀྱི་ཡོད་པ་དང་། ཁོང་བོད་ཀྱི་གློག་བརྙན་དུས་སྟོན་དང་དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ལ་ཕེབས་སྐབས། བོད་མིའི་བཟོས་པའི་གློག་བརྙན་ཉུང་ཤས་ལས་མེད་པས། བཙན་བྱོལ་ནང་དུ་གློག་བརྙན་བཟོ་སྐྲུན་པ་ཚོར་མཐུན་སྦྱོར་བྱ་རྒྱུ་གལ་ཆེན་མཐོང་ཡོད་སྐོར་གསུངས་སོང་།

གསར་འགོད་པས་སྲིད་སྐྱོང་ལ་འདེམས་སྒྲུག་བྱུང་བའི་གློག་བརྙན་བཟོ་སྐྲུན་པ་ཚོས་བསམ་བློ་རང་དབང་གང་འདྲ་ཡོད་མེད་དྲིས་པས། ཁོང་གིས་བསམ་བློའི་རང་དབང་ཆ་ཚང་ཡོད་ཀྱང་། བརྗོད་གཞི་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མཐུན་པ་དགོས་ཀྱི་ཡོད་པ། དེ་ཡང་གློག་བརྙན་དེ་དག་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་སྦྱོར་གནང་བ་ཡིན་དུས། སྔོན་རྩིས་དང་གྲོས་ཚོགས་ལ་འགན་ཁུར་དགོས་ཀྱི་ཡོད་པས། སྤྱིར་བཏང་གློག་བརྙན་བཟོ་སྐྲུན་པ་འདེམས་སྒྲུག་བྱེད་མཁན་རང་དབང་ཅན་གྱི་ཆེད་ལས་པས་བྱས་ཡོད་པ་དང་། བརྗོད་གཞི་རྣམས་ཀྱང་བཟོ་སྐྲུན་པ་སྒེར་གྱིས་འདེམས་སྒྲུག་བྱས་ཡོད་སྐོར་ལན་འདེབས་གནང་སོང་། དེ་བཞིན་གློག་བརྙན་དེ་དག་བཟོ་སྐྲུན་གྲུབ་མཚམས་སུ་སྤྱི་ཚོགས་ནང་འགྲེམས་སྤེལ་དང་མི་མང་ལ་སྟོན་རྒྱུའི་བརྒྱུད་རིམ་གང་འདྲ་གནང་རྒྱུ་ཡིན་སྐོར་དྲིས་པར། ཁོང་གིས་གློག་བརྙན་དེ་དག་གི་བདག་དབང་བོད་མིའི་སྒྲིག་འཛུགས་ལ་ཡོད་པ་དང་། དེ་དག་བོད་ཀྱི་བརྙན་འཕྲིན་བརྒྱུད་སྟོན་རྒྱུ་ཡིན་ཡང་། བརྒྱུད་ལམ་གཞན་གྱིས་སྟོན་རྒྱུའི་འདོད་པ་ཡོད་ན་འགྲིག་གི་ཡོད་སྐོར་ལན་འདེབས་གནང་སོང་།

གློག་བརྙན་མ་དངུལ་ཐོབ་མཁན་གསུམ་ལས་ཐུབ་བསྟན་བསོད་ནམས་རྡོ་རྗེ་ཡིས། ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ནུས་སྟོབས་སྐོར་གློག་བརྙན་བཟོ་རྒྱུ་ཡིན་པ་དང་། དེ་ཡང་བོད་ཀྱི་མ་འོངས་པ་དེ་ཕྲུ་གུ་ཚོ་ཡིན་པས། ཕྲུ་གུ་ཚོའི་འཚར་ལོངས་དང་བསམ་བློ་ལ་ཤུགས་རྐྱེན་སྤྲོད་ཐུབ་མཁན་གྱི་དགེ་རྒན་ཐོག་མར་དེ་ཕ་མ་གཉིས་ཡིན་པས། བུད་མེད་ཀྱི་ནུས་སྟོབས་ལ་ཡིད་ཆེས་དང་བུད་མེད་ཚོའི་ཤེས་ཡོན་སོགས་ནི་གལ་ཆེན་པོ་མཐོང་གི་ཡོད་པས། སྤྱི་ཚོགས་ཁྲོད་དུ་བུད་མེད་ནུས་སྟོབས་གལ་ཆེན་ཡིན་པའི་བརྡ་ལན་སྤྲོད་ཐབས་བྱ་རྒྱུཡིན་སྐོར་བརྗོད་སོང་།

སྐལ་བཟང་འཇིག་མེད་ཀྱིས་བོད་རིགས་ཁ་ཆེ། བརྗེད་ཟིན་པའི་སྤྱི་ཚོགས་ཞེས་པའི་གློག་བརྙན་བཟོ་རྒྱུ་ཡིན་པ་དང་། དེ་བརྒྱུད་ནས་སྤྱི་ཚོགས་ལ་བོད་མི་ཚོས་བོད་རིགས་ཁ་ཆེ་བའི་ལོ་རྒྱུས་ཤེས་རྟོགས་བྱེད་དགོས་པ་དང་ཁོ་ཚོའི་ཡུལ་སྲོལ་གོམས་གཤིས་སོགས་སྲུང་སྐྱོབ་བྱེད་དགོས་པའི་བརྡ་ལན་སྤྲོད་ཐབས། དེ་བཞིན་ཕྱི་ལོ་༡༩༥༩ ལོའི་སྔོན་དུ་བོད་ནང་དུ་དོན་སྙིང་ལྡན་པའི་ཆོས་ལུགས་མཐུན་སྒྲིལ་ཡོད་པའི་གོ་རྟོགས་དང་དྲན་གསོ་བྱ་རྒྱུ། མཐའ་མ་དེར་བཙན་བྱོལ་ནང་བོད་རིགས་ཁ་ཆེ་དང་བོད་རིགས་ནང་པ་བར་འབྲེལ་ལམ་མཐུད་ཐབས་ཡིན་སྐོར་བརྗོད་སོང་།

འཇམ་དཔལ་ཤེས་རབ་ཀྱིས་ཕྱི་ལོ་༡༩༥༩ དང་༡༩༦༠། ༡༩༦༡ སོགས་ཀྱི་སྐབས་རྒྱ་གར་གྱི་དམག་གི་སྒྲིག་འཛུགས་ཁོངས་སུ་བོད་ཀྱི་དམག་གི་རུ་ཁག་(special Frontier Force)ནང་ལ། བོད་མི་མང་པོ་ཞིག་གིས་འཛུལ་ཞུགས་བྱས་ཡོད་པས། དེ་དག་གི་སེམས་འགུལ་ཐེབས་ཐུབ་པའི་ལོ་རྒྱུས་སྐོར་ལ་གློག་བརྙན་བཟོ་རྒྱུ་ཡིན་པ་དང་། དེང་དུས་ཀྱི་ན་གཞོན་ཚོས་ཁོང་རྣམས་པའི་ལོ་རྒྱུས་ཤེས་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།