གློག་བརྙན་འཁྲབ་སྟོན་མཁན་གྲགས་ཅན་ཇེ་ཁི་ཆན་གྱིས་ཁོ་རང་རྒྱ་ནག་དམར་ཚོགས་པར་ཞུགས་འདོད་ཡོད་སྐོར་བཤད་འདུག

བདུན་ཕྲག་གོང་མར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྐོང་འཚོགས་བྱས་པའི་གྲགས་ཅན་མི་སྣའི་ཚོགས་ཆེན་ཞིག་གི་ཐོག་ལ། ཧོ་ལི་ཝོ་ཌིའི(Hollywood) གློག་བརྙན་འཁྲག་སྟོན་པ་ཇེ་ཁི་ཆན་(Jackie Chan) གྱིས་ཁོ་རང་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་ཞུགས་འདོད་ཡོད་སྐོར་བརྗོད་ཡོད་འདུག 

ཇེ་ཁི་ཆན་ནི་དྲག་རྩལ་དང་དགོད་བྲོའི་གློག་བརྙན་འཁྲབ་པར་སྐད་གྲགས་ཤིན་ཏུ་ཆེ་བའི་འཁྲབ་སྟོན་མཁན་ཞིག་ཡིན་ན་ཡང་། ཁོས་ཡུན་རིང་རྒྱ་ནག་དམར་ཤོག་ཚོགས་པ་དང་། དམར་ཤོག་ཚོགས་པའི་སྲིད་བྱུས་ལ་རྒྱབ་སྐྱོར་བྱས་ཡོད་པ་མ་ཟད། ན་ནིང་པེ་ཅིང་སྲིད་གཞུང་གིས་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་རྣམས་ལ་དྲག་གནོན་བྱེད་སྐབས། ཁོས་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་དང་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་རྣམས་ལ་སྐྱོན་བརྗོད་ཀྱི་སྐད་ཆ་བཤད་པར་བརྟེན། ཁོ་ལ་སྐྱོན་བརྗོད་དང་མི་དགའ་བ་བྱེད་མཁན་ཇེ་མང་དུ་འགྱུར་བཞིན་ཡོད་འདུག 

བདུན་ཕྲག་སྔོན་མའི་ཚོགས་ཆེན་དེའི་ཐོག་ཏུ། རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་གཞན་མང་པོ་ཞིག་ཀྱང་མཉམ་ཞུགས་བྱས་ཏེ། ཕྱི་ཟླ་ ༧ ཚེས་ ༡ ཉིན་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པ་ལོ་བརྒྱ་འཁོར་བའི་དུས་ཆེན་གྱི་མཛད་སྒོའི་སྟེང་ལ་སྤེལ་བའི་གཏམ་བཤད་སྐོར་ལ་བགྲོ་གླེང་དང་། བསམ་ཚུལ་བརྗེ་རེས་བྱས་ཡོད་འདུག 

ཚོགས་ཆེན་དེའི་ཐོག་ཏུ། ལོ་ན་ ༦༧ ལ་སོན་ཞིང་རྒྱ་ནག་གློག་བརྙན་མཐུན་ཚོགས་(China Film Association) ཀྱི་ཚོགས་གཙོ་གཞོན་པའི་འགན་འཁུར་བཞིན་པའི་ཇེ་ཁི་ཆན་གྱིས་རྒྱ་ནག་དམར་ཤོག་ཚོགས་པར་བསྟོད་བསྔགས་ཐེན་པའི་ཐོག། ཁོ་རང་ཡང་དམར་ཤོག་ཚོགས་པའི་ཚོགས་མི་ཞིག་བྱེད་འདོད་ཡོད་ཚུལ་བཤད་ཡོད་འདུག 

རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་(Global Times) ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཁོས་“ངས་རྒྱ་ནག་དམར་ཤོག་ཚོགས་པའི་རླབས་ཆེའི་རང་བཞིན་མཐོང་ཐུབ་ཀྱི་འདུག འདིས་གང་ཁས་ལེན་བྱས་པ་དེ་སྒྲུབ་ངེས་རེད། འདིས་ལོ་བརྒྱའི་ནང་ལ་གང་ཞིག་སྒྲུབ་རྒྱུའི་ཁས་ལེན་བྱས་པ་དེ་ལོ་ངོ་བཅུ་ཕྲག་འགའི་ནང་སྒྲུབ་ཀྱི་རེད། ང་རང་དམར་ཤོག་ཚོགས་པའི་ཚོགས་མི་ཞིག་བྱེད་འདོད་ཡོད་”ཅེས་བཤད་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།