གྷ་ཛའི་ནང་ཧ་མ་སི་དྲག་སྤྱོད་ཚོགས་པ་ལ་མི་མང་གིས་ངོ་རྒོལ་རྒྱ་ཆེན་པོ་བྱེད་བཞིན་ཡོད་འདུག

ཕྱི་ལོ་༢༠༢༣ ལོར་ཧ་མ་སིས་གློ་བུར་དུ་ཨི་སི་རེལ་ལ་གཏོར་རྒོལ་ཚབས་ཆེན་བྱས་རྗེས་ཨི་སི་རེལ་གྱིས་གྷ་ཛའི་ལུང་གཤོང་ནང་དམག་འཁྲུག་ཆེན་པོ་ཞིག་འགོ་བཙུགས་པ་ནས། ད་བར་གྷ་ཛའི་མི་མང་ཁྲི་ཚོ་མང་པོ་ཤི་རྨས་བྱུང་ཡོད། ད་ཆར་གྷ་ཛའི་མི་མང་ཚོས་གྷ་ཛ་ས་ཁུལ་གྱི་སྲིད་དབང་འཛིན་མཁན་ཧ་མ་སི་དྲག་སྤྱོད་ཚོགས་པར་ངོ་རྒོལ་དང་སྲིད་དབང་ལས་མར་འབབ་དགོས་པའི་དགོས་འདུན་འདོན་བཞིན་ཡོད་འདུག།

ཕྱི་ཚེས་༢༧ ཉིན་བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། གྷ་ཛའི་ལུང་གཤོང་དུ་ཡོད་པའི་མི་མང་སྟོང་ཚོ་མང་པོས་གྷ་ཛའི་ས་ཁུལ་དེ་ཧ་མ་སིས་སྲིད་དབང་འཛིན་གྱི་ཡོད་པས། ཧ་མ་སི་སྲིད་དབང་ནས་མར་འབབ་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག མི་མང་ཚོས་གསང་ལམ་ཁྲོད་ནས་ངོ་རྒོལ་བྱེད་བཞིན་པའི་སྐབས་སུ་ཧ་མ་སིས་མི་མང་ཐོག་འཇིགས་སྐུལ་དང་།  ཁ་འཐོར་གཏོང་ཐབས་བྱེད་ཀྱི་ཡོད་འདུག ཧ་མ་སིས་བརྗོད་དོན་ལ། མི་མང་ངོ་རྒོལ་བ་རྣམས་ནི་རྒྱལ་ཚོང་བ་ཡིན་པ་དང་། ཨི་སི་རེལ་དང་ངན་པ་ལག་འབྲེལ་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག ཕྱི་ལོ་༢༠༢༣ ཟླ་༡༠ པའི་ཚེས་༧ ཉིན་ཧ་མ་སིས་ཨི་སི་རེལ་གྱི་ས་ཐོག་ཏུ་འཛུལ་ནས་མི་སེར་དང་དམག་མི་ཉུང་མཐར་༡༢༠༠ བསད་ཅིང་། མི་གྲངས་༢༥༠ ཙམ་འཛིན་བཟུང་གིས་གཏའ་མིར་ཉར་བ་ ནས་བཟུང་། ཨི་སི་རེལ་གྱིས་ཧ་མ་སིའི་འགོ་ཁྲིད་ཚོ་ལ་དམིགས་འབེན་བཟུང་ནས་ཧ་མ་སིའི་གནས་ཡུལ་གྷ་ཛའི་ས་ཁུལ་དུ་གནམ་ས་གཉིས་ནས་རྒོལ་རྡུང་དྲག་པོ་བཏང་ནས་ད་བར་མི་གྲངས་༤༠༠༠༠ ལྷག་ཤི་རྐྱེན་བྱུང་ཡོད་འདུག 

ཧ་མ་སི་དང་ཨི་སི་རེལ་གཉིས་བར་ལོ་གཅིག་ལྷག་ཙམ་རིང་དམག་འཁྲུག་བརྒྱབ་ནས་འདི་ལོའི་འགོ་སྟོད་ཟླ་བ་གཉིས་མ་ཟིན་ཙམ་གྱི་རིང་དམག་འཁྲུག་མཚམས་འཇོག་བྱས་ཡོད་ཀྱང་། ཧ་མ་སི་ཡིས་ཨ་རིའི་གྲོས་མཐུན་ཞིག་ལ་ངོ་ལེན་མ་བྱས་པའི་རྐྱེན་གྱིས་ད་ཆར་དམག་འཁྲུག་བསྐྱར་དུ་ཡོང་བཞིན་ཡོད་འདུག་ལ། མི་མང་མང་པོ་ཤི་རྨས་འབྱུང་བཞིན་ཡོད་འདུག ཧ་མ་སིས་གྷ་ཛའི་ས་ཁུལ་དུ་ཕྱི་ལོ་༢༠༠༧ ལོར་འོས་བསྡུའི་ལམ་ནས་སྲིད་དབང་བཟུང་ཡོད་འདུག་ཅིང་། དུས་དེ་ནས་བཟུང་ད་བར་སྲིད་དབང་འཛིན་བཞིན་ཡོད་འདུག ཨི་སི་རེལ་དང་ཧ་མ་སིའི་བར་གྱི་དམག་འཁྲུག་དེས་རྐྱེན་པས་ད་བར་ཁྱོན་མི་གྲངས་༥༠༠༠༠ དང་མི་ས་ཡ་༢་༡ ཙམ་གནས་གཞན་ལ་སྤོ་དགོས་བྱུང་ཡོད་འདུག ཚོད་དཔག་བྱས་ན་གྷ་ཛའི་ནང་འཛུགས་སྐྲུན་ཁང་པ་དང་གཞུང་ལམ་སོགས་བརྒྱ་ཆ་༧༠ ཙམ་རྩ་མེད་གཏོར་ཚར་ཡོད་འདུག་ལ། དེ་བཞིན་ཨི་སི་རེལ་གྱིས་ཧ་མ་སིའི་འགོ་ཁྲིད་མང་པོ་ཞིག་ལྐོག་གསོད་བཏང་ཡོད་འདུག 

ཨ་རིའི་སྲིད་འཛིན་ཊོམ་གྱིས་དེ་སྔོན་གྷ་ཛའི་ས་ཁུལ་དེ་ཨ་རི་ལ་སྤྲོད་དགོས་པ་དང་། ཨ་རིས་ས་ཁུལ་དེའི་ནང་འཛུགས་སྐྲུན་གྱི་ལས་གཞི་སྤེལ་ནས་ས་ཁུལ་དེ་སྔར་དང་མི་འདྲ་བའི་ཕྱིའི་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུ་ཡིན་ཚུལ་བརྗོད་ཀྱང་། ཧ་མ་སི་གཙོས་པའི་གྷ་ཛའི་མི་མང་ཚོས་ས་ཁུལ་དེ་སུ་གཅིག་གི་ལག་ཏུ་སྤྲོད་འདོད་མེད་ཅེས་བརྗོད་ཡོད་འདུག། འོན་ཀྱང་། ད་ཆར་གྷ་ཛའི་མི་མང་ཚོས་ཧ་མ་སིའི་སྲིད་དབང་འོག་འདུག་འདོད་མེད་པ་དང་། ཧ་མ་སིའི་འགོ་ཁྲིད་ཚོ་སྲིད་དབང་ལས་མར་འབབ་དགོས་པར་བརྗོད་ནས་ངོ་རྒོལ་རྒྱ་ཆེན་པོ་བྱེད་ཀྱི་ཡོད་འདུག 

གསརའགོད་པ། བསོད་ནམས་ཕུན་ཚོགས།