གྷེ་རི་སིས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་གཏད་ནས་རྒྱ་ནག་གི་རྒྱབ་ཏུ་ལངས་པ།

རྒྱ་ནག་གི་དུས་ཡུན་རིང་པོར་འཛམ་གླིང་གི་རྒྱལ་ཁབ་དབུལ་པོ་རྣམས་ལ། དཔལ་འབྱོར་གྱི་མ་རྩ་འཛུགས་པ་སོགས་ཀྱི་རོགས་རམ་བྱས་ཏེ། ཆབ་སྲིད་ཀྱི་གནད་དོན་ཐོག་ལ་མཐུན་ཕྱོགས་བཟོ་ཐུབ་ཀྱི་ཡོད་པ་དང་། ཡུ་རོབ་ཀྱི་གྷེ་རི་སི་ཡང་དེ་ཚོའི་ཁོངས་སུ་ཚུད་ཡོད་པ་རེད།

ཟླ་འདིའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ནིའུ་ཡོག་དུས་བབ་སྟེང་གནས་ཚུལ་བཀོད་གསལ། ཟླ་འདིའི་ནང་སུད་སིའི་ཇི་ནི་ཝ་གྲོང་ཁྱེར་གྱི་མཉམ་སྦྲེལ་རྒྱལ་ཁབ་(United Nation) ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འཚོགས་ཡོད་པ་དང་། སྐབས་དེར་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད། སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་རྩིས་བྱས་ཀྱང་། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་གྷེ་རི་སིས་བསྒྲགས་གཏམ་དེར་ངོ་རྒོལ་གྱིས་བཀག་འགོག་བྱས་ཡོད་འདུག དེ་ནི་ད་བར་ཡུ་རོབ་མཐུན་ཚོགས་ཀྱིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས། རྒྱ་ནག་གཙོས་པའི་རྒྱལ་ཁབ་ཁག་ནང་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་ཐད། བསྒྲགས་གཏམ་སྤེལ་མ་ཐུབ་པ་ཐེངས་དང་པོ་ཡིན་འདུག

གྷེ་རི་སིའི་ཕྱི་དྲིལ་ལས་ཁང་གི་མགྲིན་ཚབ་པ་ཞིག་གིས། སྐྱོན་བརྗོད་དེ་ནི་ཕན་ཐོགས་མེད་པ་ཞིག་ཡིན་སྐོར་དང་འབྲེལ་ནས་བརྗོད་དོན། “རྒྱལ་ཁབ་གཅིག་གི་བརྟན་ལྷིང་ལ་ཉེན་ཁ་ཡོད་དུས། ང་ཚོས་སྐྱོན་བརྗོད་བྱེད་སྟངས་དེ་དོན་ཕན་ལྡན་པ་ཞིག་བྱེད་དགོས། གང་ཡིན་ཟེར་ན། གལ་ཏེ་རྒྱལ་ཁབ་དེ་ཁ་འཐོར་དུ་སོང་ཚེ། དེ་གར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་མེད་པ་ཆགས་ཀྱི་རེད་”ཅེས་བརྗོད་ཡོད་འདུག་ཀྱང་། བརྒྱུད་ལམ་ཁག་གིས་ད་ལྟའི་ཆར་རྒྱ་ནག་གི་བརྟན་ལྷིང་ལ་ཉེན་ཁ་མེད་པའི་སྣང་ཚུལ་ཡོད་པས། འགྲེལ་བརྗོད་དེས་གྷེ་རི་སིའི་ངོ་རྒོལ་གྱི་རྒྱུ་མཚན་གསལ་པོ་བཟོས་མི་ཐུབ་སྐོར་བརྗོད་འདུག

ཡུ་རོབ་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ཞིག་གིས། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་དེར། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཚང་མས་མགྲིན་དབྱངས་གཅིག་ཐོག་ནས་འབོད་སྒྲ་བསྒྲགས་ཚེ། ནུས་པ་ཆེན་པོ་ཐོན་རྒྱུ་ཡིན་པས། ལོ་འདིའི་མཉམ་སྦྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་རྗེས་མ་དེར། ཚོགས་མི་རྒྱལ་ཁབ་༢༨ ཚང་མ་ཆིག་སྒྲིལ་ཡོང་ཐབས་མུ་མཐུད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། གྷེ་རི་སིས་ཡུ་རོབ་མཐུན་ཚོགས་ཀྱི་ནུས་པ་མེད་བཟོས་ཏེ། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེར་དོ་སྣང་སླེབས་སུ་མ་བཅུག་པ་དེ་ནི་ངོ་ཚ་དགོས་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

གྷེ་རི་སི་རྒྱལ་ཁབ་དེ་ཉིད་ཡུ་རོབ་ནང་དཔལ་འབྱོར་གྱི་གནས་སྟངས་སྐྱོ་གྲས་ཤིག་ཡིན་ཁར། རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་བུ་ལོན་ཆེན་པོ་བླངས་ཡོད་པས། དེ་དག་ཕྱིར་སློག་མི་ཐུབ་པའི་གནོན་ཤུགས་ཀྱང་ཡོད་འདུག ཉེ་བའི་ཆར་ནས་རྒྱ་ནག་དང་ཚོང་འབྲེལ་གྱི་འབྲེལ་ལམ་ཡག་ཏུ་གཏོང་བཞིན་ཡོད་པ་དང་། རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་ཚོང་འབྲེལ་གྱི་ལས་འཆར་ལ་གལ་ཆེན་ཡིན་པའི་གྷེ་རི་སིའི་མཚོ་ཁའི་གྲུ་ཚུགས་ཤིག་ལ། མ་རྩ་ཆེན་པོ་བཙུགས་ཡོད་འདུག དེ་བཞིན་གྷེ་རི་སིའི་སྲིད་བློན་ལོ་གཉིས་ནང་རྒྱ་ནག་ཏུ་ཐེངས་གཉིས་བསྐྱོད་ཡོད་པ་སོགས། རྒྱ་ནག་གིས་རྒྱལ་ཁབ་དེའི་ནང་དཔལ་འབྱོར་གྱི་མཐུན་རྐྱེན་ཆེན་པོ་སྦྱོར་བཞིན་ཡོད་འདུག་པས། གྷེ་རི་སིས་ཀྱང་ཐེངས་འདིར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་ཀྱི་བསྒྲགས་གཏམ་དེ་བཀག་ནས། མཐུན་ཕྱོགས་རྒྱལ་ཁབ་གཅིག་ཡིན་པའི་རྣམ་པ་བསྟན་ཡོད་པ་རེད།

སྤྱིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱལ་ཞེན་རིང་ལུགས་པའི་ལྟ་བ་བཟུང་ནས། གོ་ལ་གཅིག་གྱུར་དང་རང་དབང་གི་ཚོང་འབྲེལ། དེ་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་དོན་ལ་སོགས་ལ་ངོ་རྒོལ་དང་ཕྱིར་འཐེན་བྱེད་བཞིན་ཡོད་པ་དང་མཚུངས། རྒྱལ་སྤྱིའི་ནང་རྒྱ་ནག་གི་དབང་ཚད་དེ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།