ཆབ་སྲིད་བཙོན་ཟུར་གྲྭ་པ་མཁྱེན་རབ་འདས་གྲོངས།
ཟླ་འདིའི་ཚེས་༨ ཉིན་རྒྱ་ནག་གཞུང་གི་རྒྱལ་ཞེན་ལྟ་བའི་སློབ་གསོ་ལ་ངོ་རྒོལ་བྱེད་མཁན། བོད་མི་ཆབ་སྲིད་བཙོན་པ་གྲྭ་མཁྱེན་རབ་མཐར་ཕྱིན་ལགས་འདས་གྲོངས་གྱུར་ཡོད་འདུག
དེ་ཡང་གསར་ལམ་ཁག་ཏུ་གནས་ཚུལ་སླེབས་པ་ལྟར་ན། ༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་བོད་མི་ཚོས། རྒྱ་ནག་གི་བོད་དབང་བསྒྱུར་ལ་ངོ་རྒོལ་ཤུགས་ཆེན་བྱས་རྗེས། ལོ་དེར་དགོན་སྡེ་ཁག་ཏུ་རྒྱ་ནག་གཞུང་གིས་རྒྱལ་ཞེན་ལྟ་བའི་སློབ་གསོའི་ལས་གཞི་ཞིག་སྤེལ་ཏེ། ལས་གཞི་དེ་བོད་རང་སྐྱོང་ལྗོངས་དིང་རི་ས་ཁུལ་ཤེལ་དཀར་དགོན་དུ་སྤེལ་སྐབས། གྲྭ་མཁྱེན་རབ་མཐར་ཕྱིན་གྱིས་ས་གནས་དེའི་རྒྱ་གཞུང་གི་ལས་བྱེད་ཚོའི་ཚོགས་འདུའི་ནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐྱོན་བརྗོད་བྱེད་མི་ནུས་ཞེས་བརྗོད་ནས། ལས་གཞི་དེར་ངོ་རྒོལ་གྱིས་འཛུལ་ཞུགས་བྱས་མེད་པས། ས་གནས་རྒྱ་ནག་གཞུང་གི་ལས་བྱེད་ཚོས་གཅར་རྡུང་ཚད་མེད་དང་བཅས། ངོ་རྒོལ་བྱེད་མཁན་གྲྭ་པ་༡༢ བཀག་ཉར་བྱས་ཡོད་འདུག ཕྱིས་སུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། དེའི་ཁྲོད་ཀྱི་གྲྭ་པ་གསུམ་ལ་ཟླ་བ་༡༨ རིང་བཙོན་འཇུག་གི་ཁྲིམས་ཆད་དང་། གྲྭ་མཐར་ཕྱིན་ལ་ལོ་ལྔའི་ཁྲིམས་ཆད་ཀྱིས་ཁོང་ཐོག་མར་བོད་ལྗོངས་གཞིས་རྩེ་བཙོན་ཁང་དུ་བཅུག་ཡོད་འདུག ཕྱིས་སུ་ལྷ་སའི་ཉེ་འགྲམ་གྱི་ཆུ་ཤུལ་བཙོན་ཁང་དུ་ཁྲིད་ཡོད་པ་དང་། ༢༠༡༣ ལོར་འཕྲོད་བསྟེན་གྱི་གནས་སྟངས་ཞན་དྲགས་པའི་རྐྱེན་གྱིས་ཁོང་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་ཀྱང་། ཁོང་གིས་“ངའི་འཕྲོད་བསྟེན་གྱི་གནས་སྟངས་སྐྱོ་རུ་འགྲོ་ཡི་འདུག”ཅེས་བརྗོད་པ་ལྟར། ཉེ་ཆར་ཕྱི་ཟླ་༨ ཚེས་༨ ཉིན་སྨན་ཁང་དུ་ཁྲིད་པའི་ལམ་བར་ནས་འདས་གྲོངས་སོང་ཡོད་འདུག
གྲྭ་མཐར་ཕྱིན་ནི་སྟོད་དིང་རི་ས་ཁུལ་གྱི་ཤེལ་དཀར་ནས་ཡིན་ཞིང་། ཤེལ་དཀར་དགོན་པའི་གྲྭ་པ་ཡིན་འདུག ཐོག་མར་བཙོན་འཇུག་བྱེད་དུས་ཁོ་རང་དགུང་ལོ་༣༢ ཡིན་པ་དང་། ཁོང་ས་གནས་རྒྱ་ནག་གཞུང་གིས་རྩ་འཛུགས་བྱས་པའི་ཤེལ་དཀར་དགོན་པའི་མང་གཙོ་དོ་དམ་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ཀྱང་ཡིན་འདུག
རྒྱལ་ཞེན་ལྟ་བའི་སློབ་གསོའི་ལས་གཞི་ཞེས་པ་དེ་ནི། རྒྱ་ནག་གི་ལས་བྱེད་རྣམས་གནས་སྐབས་རིང་བོད་ཀྱི་དགོན་སྡེ་ཁག་ཏུ་ཕྱིན་ནས་ཆོས་སྤྱོད་ཀྱི་བྱེད་སྒོ་ལ་བཀག་སྡོམ་དང་། ༧གོང་ས་མཆོག་ལ་མཚན་སྨོད། རྒྱ་ནག་གི་དགོས་མཁོ་ལྟར་བོད་ཀྱི་ལོ་རྒྱུས་རྫུན་བཟོ་བྱས་པ་རྣམས་སློབ་ཁྲིད་བྱས་ནས་བོད་མིའི་བསམ་བློ་བརྗེ་བསྒྱུར་བྱེད་ཐབས་ཤིག་ཡིན་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།