ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་སྐུ་གྲོངས་འདུག
རྒྱ་ནག་གཞུང་གིས་མི་ལོ་ ༣༧ ལ་བཙོན་ཁང་དུ་བཅུག་མྱོང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ཕྱི་ལོ་༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན་སུད་སིའི་ས་གནས་ཋར་བྷན་ཐལ་(Turbenthal )ཞེས་པའི་རྒས་གསོ་ཁང་དུ་སྐུ་གྲོངས་འདུག་ཅིང་།ཁོང་དགུང་གྲངས་ ༩༡ ལ་ཕེབས་འདུག
དེ་ཡང་དམ་པ་ཁོང་ནི་ཡབ་སྟག་སྣ་གཞོན་པ་བསོད་ནམས་ཚེ་དབང་དང་། ཡུམ་ཀརྨ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༩ ཟླ་༩ ཚེས་ཤར་ཏེ་བོད་ས་སྦྲུལ་ཟླ་བ་བདུན་པའི་ཚེ་ཤར་ཉིན་ལྷ་སའི་ནུབ་ཕྱོགས་ཆུ་ཤུལ་རྫོང་ཁོངས་རྟ་དཀར་གཞིས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་༡༩༥༢ ལོར་ཚ་སྤྲུལ་རིན་པོ་ཆེས་བཀོད་མངགས་བཞིན་ལྷ་སའི་སློབ་ཆུང་དང་པོའི་དགེ་རྒན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༦༤ ལོར་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་རྒྱ་མིས་སྐྱོན་བརྗོད་བྱས་པའི་ལས་འགུལ་ཞིག་འགོ་བཙུགས་ཤིང་། ལྷ་སའི་སློབ་གྲྭ་ཆུང་བ་ཁག་གཉིས་དང་། ལྷ་སའི་རིག་གཞུང་ཁྲུའུ་ཡི་ལས་བྱེད་རྣམས་འཚོགས་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ལ་སྐྱོན་བརྗོད་བྱས་པའི་བསམ་འཆར་ཤོད་པའི་སྐབས། སྟག་སྣ་འཇིགས་མེད་བཟང་པོས་༸པཎ་ཆེན་རིན་པོ་ཆེར་སྐྱོན་བརྗོད་དང་ཐེར་འདོན་བྱ་རྒྱུར་མོས་མཐུན་མ་བྱས་སྟབས་༸པཎ་ཆེན་རིན་པོ་ཆེའི་ཕྱོགས་གཏོགས་སུ་ངོས་བཟུང་སྟེ། ཏང་ནང་ཁུལ་གྲོས་བསྡུར་བྱས་རྗེས་སློབ་གྲྭ་གསུམ་དང་རིག་གཞུང་ཁྲུའུ་ཡི་ཁོངས་གཏོགས་ལས་བྱེད་འཛོམས་པའི་ཚོགས་འདུར་ཁོང་ལ་སྐྱོན་བརྗོད་བྱས་པའི་ཐོག ཕྱི་ལོ་ ༡༩༦༥ ལོར་ཐོག་མར་གྲྭ་བཞི་བཙོན་ཁང་དང་དེ་ནས་གསང་ཡིབ་བཙོན་ཁང་དུ་བསྐྱལ་ནས་ལོ་གསུམ་རིང་བཙོན་འཇུག་བྱས།
ཕྱི་ལོ་ ༡༩༧༠ ལོར་གསར་བརྗེའི་ངོ་ལོག་པར་རྒྱབ་སྐྱོར་བྱེད་མཁན་གྱི་ཉེས་མིང་འོག་ཁོང་སླར་ཡང་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་ལོ་བཅུ་བཟོས་རྗེས་ཕྱི་ལོ་ ༡༩༨༠ ཟླ་ ༣ ཚེས་ ༩ ལ་བཙོན་གྲོལ་ཐོབ། ཕྱི་ལོ་ ༡༩༨༣ ལོར་ལྷ་སར་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་བར་བརྟེན་ཡང་བསྐྱར་ཐེངས་གསུམ་པ་འཛིན་བཟུང་བྱུང་སྟེ་དུས་བཀག་བཙོན་འཇུག་ལོ་བཅོ་ལྔ་བཟོས། ཡང་ཕྱི་ལོ་ ༡༩༨༨ ལོར་བཙོན་ཁང་ནས་བོད་རང་བཙན་གྱི་སྐད་འབོད་གནང་བའི་རྐྱེན་ཉེས་ཁྲིམས་ལོ་ལྔ་སྤར་བ་དང་། ཕྱི་ལོ་ ༡༩༩༢ ལོར་སུད་སིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་མི་ལྔ་གྲྭ་བཞི་བཙོན་ཁང་དུ་གཟིགས་སྐོར་དུ་ཕེབས་སྐབས་སྐད་འབོད་གནང་བར་བརྟེན། དུས་བཀག་བཙོན་འཇུག་ལོ་བརྒྱད་སྤར་བ་བཅས་ཁྱོན་བསྡོམས་མི་ལོ་ཧྲིལ་པོ་ ༣༧ རིང་རྒྱའི་བཙོན་དུ་བཞུགས་དགོས་བྱུང་བས་བཙོན་དུ་བཞུགས་རྒྱུན་རིང་ཤོས་ཀྱི་ཆབ་སྲིད་བཙོན་པར་གྱུར་ཏེ་ལོ་མང་རིང་དཀའ་སྡུག་ཚད་ལས་འདས་པ་མྱངས་ཡོད།
ཕྱི་ལོ་ ༢༠༠༢ ལོར་སྨན་བཅོས་ཀྱི་མིང་ཐོག་ནས་ཨ་རིར་ཕེབས་ཐུབ་པ་བྱུང་ཞིང་། དེ་དུས་ལོ་ཚད་མ་ཚང་བར་ལོ་དགུ་ལྷག་ཡོད། ཨ་རིར་སྨན་བཅོས་སུ་ཞུགས་སྐབས་ཨ་རིའི་མཐོ་རིམ་མི་སྣ་མཇལ་འཕྲད་དང་མང་ཚོགས་ལ་བོད་དོན་དྲིལ་བསྒྲགས་གནང་བ་དང་། དེ་རྗེས་སུད་སིའི་གཞུང་ནས་ཁོང་ལ་སྐྱབས་བཅོལ་དུ་གདན་ཞུ་བྱས་པ་ལྟར་ཁོང་གིས་དེ་ལ་དང་ལེན་ཞུས་ཏེ་ད་སུད་སིར་བཞུགས། སུད་སིར་བཞུགས་རིང་ཡང་། ཧྥ་རན་སིའི་དོན་གཅོད་བརྒྱུད་ཧྥ་རན་སི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། འཇར་མན་ཤར་མའི་བོད་དོན་རྒྱབ་སྐྱོར་ཚོགས་པར་འབྲེལ་བ་བྱས་ནས་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་དང་། རྒྱ་དམར་གྱིས་གདུག་རྩུབ་གཏོང་སྟངས་སྐོར་དྲིལ་བསྒྲགས་གང་ཐུབ་གནང་།
ཕྱི་ལོ་ ༢༠༠༣ ནས་སྔ་ཕྱི་ཐེངས་གཉིས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་མིའི་རང་དབང་། བོད་ཀྱི་ཁོར་ཡུག བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་སོགས་ཞུས་ནས་བོད་རང་བཙན་གྱི་ལས་འགུལ་མུ་མཐུད་སྤེལ།
དཔའ་བོ་ཁོང་སྐུ་གྲོངས་པའི་རྗེས། འཛམ་གླིང་གང་སར་ཡོད་པའི་བོད་མི་མཐོ་དམན་བར་གསུམ་མང་པོ་ཞིག་གིས་ངོ་དེབ་ཀྱིས་མཚོན་པའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁོང་གི་འདྲ་པར་བཞག་སྟེ་མྱ་ངན་དང་སེམས་སྡུག་དྲག་པོ་བྱས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གིས་“ང་ཆུང་ཆུང་སྐབས་ནས་ཁོང་གི་སྙིང་སྟོབས་ལ་ཡི་རང་ཞུ་མཁན་ཞིག་ཡིན།ཁོང་དངོས་སུ་མཇལ་རྒྱུ་བྱུང་བ་དེ་ནི་གཟི་བརྗིད་དང་སྤོབས་པ་ཞིག་ཡིན་ལ། ང་རང་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཀྱི་ཕྱག་དེབ་དྷ་སར་དབུ་འབྱེད་བྱེད་སྐབས་ཀྱང་བཅར་རྒྱུ་བྱུང་སོང་། དངོས་གནས་བོད་ཀྱི་རྒྱལ་ཞེན་པ་ཞིག་ང་ཚོ་དང་གྱེས་པ་རེད་”ཅེས་མྱ་ངན་ཞུས་འདུག
དེ་བཞིན་བོད་ཀྱི་རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་ནོར་བུས་སོ་སོའི་ངོ་དེབ་ཐོག་ཏུ་ཁོང་གི་སྐུ་པར་ཞིག་བཞག་སྟེ། “ངས་ཁོང་གཏན་ནས་མཇལ་མ་མྱོང་། [འོན་ཀྱང་།] ངས་ཁོང་གིས་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག་སློབ་ཁྲིད་དང་། བོད་རང་བཙན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པར་བརྟེན་ནས་མི་ལོ་ ༣༧ ལ་གྲྭ་བཞིའི་བཙོན་ཁང་དུ་བཙུད་པས། བཙོན་ཁང་དུ་དུས་ཡུན་རིང་ཤོས་སྡོད་མཁན་གྱི་ཆབ་སྲིད་བཙོན་པ་དེ་ཡིན་པ་ཤེས་ཀྱི་ཡོད་ལ། སྟག་སྣ་འཇིགས་མེད་བཟང་པོས་བཙན་བྱོལ་དུ་ཕེབས་པའི་རྗེས་སུ་མུ་མཐུད་བོད་རང་བཙན་ཆེད་དུ་འཐབ་རྩོད་གནང་སྟེ་ཁོང་གི་ཕུགས་བསམ་དང་འཐབ་རྩོད་དེ་ནམ་ཡང་བློས་གཏོང་གནང་མྱོང་མེད་པ་དེའང་ཤེས་ཀྱི་ཡོད། ང་ཚོས་ཁོང་དྲན་ངེས་”ཞེས་བྲིས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།