ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་ཡིན་མིན་གྱི་རྒྱུ་མཚན་བརྗོད་པའི་ཉན་ཞིབ་འཚོགས་སོང་།

སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས་ཚིག་གི་ཐོག་ནས་ཐལ་ཆ་ཤོར་བ་དང་། དོན་གྱི་ཐད་ནས་ནོར་བ་ཡོད་ན་ “ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་”དགོངས་སེལ་ཞུ་རྒྱུ་ཡིན་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་གང་གནང་བ་དང་ལེན་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

དེ་ཡང་ ༢༠༢༠ ཟླ་ ༩ ཚེས་ ༢༦ རེས་གཟའ་པ་སངས་ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་རྒྱུན་ལས་རྣམ་པའི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་བྱས་པའི་གསལ་བསྒྲགས་སྤེལ་རྗེས། ཕྱི་ཟླ་ ༩ ཚེས་ ༢༧ ཉིན་སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་གྱིས་“ད་ཐེངས་ཁྲིམས་ཞིབ་ཁང་ལ་རྒྱུ་མཚན་འདང་ངེས་ཡོད་པར་མ་མཐོང་”ཞེས་པའི་རྩོམ་ཡིག་ཅིག་སྤེལ་བར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༩ ཉིན་སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལ་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་མ་ཡིན་པའི་རྒྱུ་མཚན་བརྗོད་ཆེད། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢།༣༠ སྟེང་ཉན་ཞིབ་བྱེད་གཏན་འཁེལ་བའི་བརྡ་ཐོ་སྐྱེལ་མཁན་སྤྱི་འཐུས་རྒྱུན་ལས་ཡིག་ཚང་དུ་ཆེད་གཏོང་གནང་བར། སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས་བརྡ་ཐོའི་ངོ་བཤུས་བཀླགས་ཏེ་མིང་རྟགས་འགོད་སར་ཚེས་གྲངས་བཀོད་རྗེས་བྲིས་གསུབ་བཏང་ནས་བརྡ་ཐོ་ངོ་མ་ཁ་མ་བསྔོགས་པར་ཕྱིར་སློག་གནང་སྟབས།  ཁྲིམས་ཞིབ་ཁང་གི་བརྡ་ཐོར་བརྩི་བཀུར་ཉམས་ལེན་མ་ཞུས་ཚེ་ཆད་འགེལ་བྱེད་དགོས་ཆགས་རྒྱུ་ཡིན་པས། དོ་བདག་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བརྡ་ཐོར་བརྩི་བཀུར་མ་བྱས་པ་མིན་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་མ་ཡིན་པའི་རྒྱུ་མཚན་བརྗོད་དུ་འཇུག་རྒྱུའི་ཉན་ཞིབ་གཉིས་མཉམ་དུ་ཕྱི་ཟླ་༡༠ པའི་ཚེས་༡༣ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་འཚོགས་ནས་ཆུ་ཚོད་ལྔ་ཕྱེད་ཙམ་ལ་གྲོལ་སོང་།

དེ་རིང་གི་ཉན་ཞིབ་ཐོག ཁྲིམས་ཞིབ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་ཀྱིས་བོད་མིའི་བཅའ་ཁྲིམས་དེ་གནས་ཡུལ་རྒྱ་གར་དང་། ཨ་རིའི་རྩ་ཁྲིམས་གཞི་རུ་བཟུང་ནས་གཏན་ལ་ཕབ་པ་ཡིན་པའི་རྒྱབ་ལྗོངས་དང་། བཅའ་ཁྲིམས་ནང་དུ་ཁྲིམས་ཞིབ་ཁང་གིས་གྲོས་ཚོགས་ལ་ཐེ་བྱུས་བྱས་ན་ཆོག་ཚུལ་དངོས་སུ་གསལ་མེད་ན་ཡང་། ཁྲིམས་ཀྱི་འགྲོ་སྟངས་སུ་དེ་ལྟར་བྱས་ན་ཆོག་ཚུལ་སོགས་འགྲེལ་བརྗོད་བྱས་སོང་།

སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་གྱིས་རྩོམ་ཡིག་དེ་“དོགས་སློང་རང་གི་ཆེད་”དུ་བྲིས་པ་ཡིན་པ་ལས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་“ཁྱད་གསོད་བྱས་མེད་”ཅེས་འགྲེལ་བཤད་བྱས་པ་མ་ཟད། ཚིག་གི་ཐོག་ནས་“རེད་དང་མ་རེད་”ཅེས་ཐག་གཅོད་རང་བཞིན་གྱི་ཐལ་ཆ་ཤོར་བ་དང་། དོན་གྱི་ཐད་ནས་ནོར་བ་ཡོད་ན་”ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་”དགོངས་སེལ་ཞུ་རྒྱུ་ཡིན་བརྗོད་སོང་། ཉན་ཞིབ་ཚར་རྗེས་ཁྲིམས་ཞིབ་ཁང་ནས་བཅད་ཁྲ་རྗེས་སུ་གཏང་རྒྱུ་ཡིན་ཚུལ་གསུངས་སོང་།

སྤྱི་འཐུས་བློ་བཟང་ཆོས་འབྱོར་ལ་གསར་འགོད་པ་ཚོས་ཁྲིམས་ཞིབ་ཁང་གི་བཅད་ཁྲར་དང་ལེན་ཞུ་རྩིས་ཡོད་མེད་དྲིས་པར། ཁོང་གིས་“བཅད་ཁྲའི་ཐག་གཅོད་གང་གནང་བ་དེ་ལ་དང་ངོས་ལེན་མི་བྱེད་ཟེར་བ་ཞིག་ཡོད་མ་རེད་”ཅེས་བརྗོད་པའི་ཐོག “དངོས་གནས་ངོས་ལེན་བྱེད་ཡ་མིན་ན་འདི་ལ་བཅར་དགོས་པ་མེད་”ཅེས་བརྗོད་སོང་ལ། ཡར་ཁྲིམས་ཞིབ་ཁང་ལ་གཏུག་མཁན་དགོས་མིན་དེ་བཅའ་ཁྲིམས་དོན་ཚན་༦པ་དང་ ༡༤། ༦༡ བཅས་ཀྱི་ནང་དུ་གསལ་ཡོད་པ་མ་མཐོང་བ་དོགས་སློང་ཐོག་ནས་ཁྲིམས་ཀྱི་དབང་ཚད་སྐོར་ལ་རྩོམ་བྲིས་པ་རེད། ཁྲིམས་ཞིབ་པས་ཨ་རི་དང་རྒྱ་གར་གྱི་རྩ་ཁྲིམས་སོགས་པའི་རྒྱབ་ལྗོངས་བཤད་པ་དང་། ང་ཚོའི་བཅའ་ཁྲིམས་ནང་དེ་གསལ་མེད་པ་ཚང་མ་གསུངས་པས། ཉན་ཞིབ་ཡག་པོ་བྱུང་ཡོད་སྐོར་གསུངས་སོང་།།

གསར་འགོད་པ་དཀོན་མཆོག་རབ་བརྟན།