ཆོས་དབྱིངས་སྐྱིད་མཚོ་སྔོན་གྱི་ཁྲིམས་ལུགས་རོགས་སྐྱོར་སྤྱི་ཕན་དྲིལ་སྒྲོག་ཁྱབ་གདལ་གྱི་གཞུང་ཚབ་ཆེན་མོ་ཟེར་བ་བསྐོས་འདུག 

ཟླ་འདིའི་ཚེས་༡ ཉིན་རྒྱ་གཞུང་གི་བོད་ཡིག་བརྒྱུད་ལམ་ཞིག་གི་གནས་ཚུལ་སྤེལ་གསལ་ལྟར་ན། ལུས་རྩལ་བ་ཆོས་དབྱིངས་སྐྱིད་མཚོ་སྔོན་གྱི་ཁྲིམས་ལུགས་རོགས་སྐྱོར་སྤྱི་ཕན་དྲིལ་སྒྲོག་ཁྱབ་གདལ་གྱི་གཞུང་ཚབ་ཆེན་མོ་ཟེར་བ་བསྐོ་བཞག་བྱས་ཡོད་པར་བརྗོད་འདུག

པར། རྒྱ་གཞུང་གི་བོད་ཡིག་བརྒྱུད་ལམ།

གསར་འགྱུར་དེའི་ནང་དུ། ཉེ་ཆར་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོས་གཞོགས་འདེགས་ཧུར་ཐག་འོག 

ཆོས་དབྱིངས་སྐྱིད་གདན་ཞུ་ལྟར་མཚོ་སྔོན་གྱི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་དང་ཁྲིམས་ལུགས་རོགས་སྐྱོར་དྲིལ་སྒྲོག་ཁྱབ་གདལ་གྱི་གཞུང་ཚབ་ཆེན་མོ་ཟེར་བ་བསྐོ་བཞག་བྱས་ཡོད་ཚུལ་དང་། 

དེ་བཞིན་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་དང་ཁྲིམས་ལུགས་རོགས་སྐྱོར་ཟེར་བ་དེ་ཡང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གང་ལེགས་སྒོས་མངོན་ཡོད་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཏན་ཏིག་དང་དམངས་འཚོ་འགན་སྲུང་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཚུལ་དང་། རྒྱ་ཆེའི་མི་དམངས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཀོད་འདུག 

ཁོང་མོའི་དྲིལ་སྒྲོག་གི་ལས་བྱ་དེར་རྒྱ་གཞུང་གིས་འགྲེལ་བརྗོད་བྱེད་སྐབས། 

རང་ཞིང་གི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་དང་ཁྲིམས་ལུགས་རོགས་སྐྱོར་བྱ་བར་ཤུགས་རྐྱེན་ཐེབས་པའི་འགག་རྩའི་གྲས་གཅིག་ནི་དྲིལ་སྒྲོག་ཁྱབ་གདལ་གྱིས་མི་འདང་བ་དང་མང་ཚོགས་ཀྱིས་རྒྱུས་ལོན་བྱེད་ཚད་དམའ་བ།    ཤུགས་རྐྱེན་ཐེབས་ཤུགས་ཆུང་བ་བཅས་རེད་ཅེས་དང་། སྤྱི་ཚོགས་ཀྱི་སྤྱི་གྲགས་མི་སྣས་དྲིལ་སྒྲོག་ཁྲོད་སྣེ་ཁྲིད་དང་དཔེ་སྟོན། སྐུལ་འདེད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དམངས་ཡོངས་སྐུལ་ཁྲིད་བྱས་ཏེ་ཁྲིམས་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། ཁྲིམས་སྐྱོང་གི་དགོངས་དོན་བརྩི་མཐོང་དར་སྤེལ་བཅས་བྱས་ནས་སྤྱི་ཚོགས་ཡོངས་ལ་ཁྲིམས་སྐྱོང་གི་རྣམ་པ་ཟབ་མོ་ཞིག་ཆགས་སུ་འཇུག་ཆེད་ཡིན་པ་དང་། དྲིལ་སྒྲོག་བརྒྱུད་མི་སྔར་ལས་མང་པོར་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་དང་ཁྲིམས་ལུགས་རོགས་སྐྱོར་ལ་རྒྱུས་ལོན་བྱེད་དུ་བཅུག་ནས། ཁོ་ཚོའི་ཁྲིམས་ལུགས་ཀྱི་རེ་ཞུ་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་པར་བྱེད་དགོས་ཞེས་བཀོད་འདུག 

ཆོས་དབྱིངས་སྐྱིད་ནི་ཕྱི་ལོ་༡༩༩༠ ཟླ་༡༡ ཚེས་༡༡ ཉིན་ཨ་མདོ་མཚོ་བྱང་འབྲོག་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཞིང་། ཁོང་གི་པ་ཕ་མགོན་པོ་ལྷག་བསྟན་དང་ཨ་མ་བསོད་ནམས་སྐྱིད་གཉིས་ཀ་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་འབྲོག་པ་ཡིན་འདུག ཕྱི་ལོ༢༠༡༡་ལོའི་ཟླ༤ ་པར། ཐའེ་ཚང་གྲོང་ཁྱེར་དུ་ཚོགས་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་འགྲན་སློང་འགྲན་བསྡུར་དང་རྒྱལ་ཡོངས་ཀྱི་གསེར་གྱི་རྟགས་མའི་འདུར་རྒྱུག་འགྲན་སྡུར་སྟེང་། ཆོས་དབྱིངས་སྐྱིད་ཀྱིས་སྐྱེས་མའི་ཚན་ཆུང་གི་སྤྱི་ལེ་༢༠ ་ཡི་འདུར་རྒྱུག་འགྲན་སྡུར་གྱི་ཨང་གཉིས་པ་བླངས།

 ཕྱི་ལོ་༢༠༡༢ ལོའི་ཟླ༨ ་ཚེས་༡༢ ་ཉིན། སྐབས་༣༠ པའི་ལོན་ཊོན་ཨོ་རྩལ་འགྲན་ཚོགས་སྟེང་། རྒྱལ་སྤྱིའི་བུད་མེད་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ། ཕྱི་ལོ་༢༠༢༢ ཟླ༥ ཚེས་༢༨ ་ཉིན། བོད་ཀྱི་འདུར་རྒྱུག་ལུས་རྩལ་པ་གྲགས་ཅན་ཆོས་དབྱིངས་སྐྱིད་ཀྱིས་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་འདུར་རྒྱུག་འགྲན་བསྡུར་སྐོར་སྐྱོད་འགྲན་བསྡུར་ཁྲོད་བུད་མེད་ཀྱི་སྤྱི་ལེ་༢༠ ་ཡི་འདུར་རྒྱུག་འགྲན་བསྡུར་ལས་གསེར་གྱི་རྟགས་མ་བླངས་འདུག ཆོས་དབྱིངས་སྐྱིད་ནི་ད་བར་རྩེད་འགྲན་དུ་མའི་ནང་མཉམ་ཞུགས་བྱས་ནས་བྱ་དགའ་རིམ་པ་སྣ་ཚོགས་ཐོབ་མྱོང་མཁན་ཞིག་དང་། ཨོ་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་ཡོད་པ་རེད། 

གསར་འགོད་པ། བློ་བཟང་རྒྱ་མཚོ།