ཉི་ཧོང་གི་སྲིད་བློན་བུད་མེད་ཅིག་ཐོག་མ་བསྐོས་འདུག
ཟླ་འདིའི་ཚེས་༢༡ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཉི་ཧོང་གི་རང་དབང་མང་གཙོ་ཚོགས་པའི་འཐུས་མི་ལྕམ་སྐུ་(Sanae Takaichi)ལ་གྲོས་ཚོགས་འོག་མའི་ནང་འོས་ཤོག་༢༣༧ དང་། གྲོས་ཚོགས་གོང་མའི་ནང་འོས་ཤོག་༡༢༥ ཐོབ་སྟེ། གྲོས་ཚོགས་གོང་འོག་གཉིས་ཀའི་ནང་འོས་ཤོག་གི་རྒྱལ་ཁ་ཐོབ་ནས་ཉི་ཧོང་གི་སྲིད་བློན་དུ་བསྐོ་གཞག་བྱས་ཡོད་འདུག

ཁོང་ལ་ཡོངས་གྲགས་སུ་ལྕགས་ཀྱི་བུད་མེད་(Iron Lady)ཅེས་འབོད་ཅིང་། ཁོང་ནི་་ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་ཡི་ལམ་སྟོན་འོག་འཚར་ལོངས་བྱུང་ཞིང་། འདས་པའི་ལོ་ངོ་ལྔའི་རིང་། ཉི་ཧོང་ནང་གི་སྲིད་བློན་བཞི་པ་དང་། ཉི་ཧོང་གི་ལོ་རྒྱུས་ཁྲོད་སྲིད་བློན་༡༠༤ པ་དེ་ཆགས་ཡོད་པ་མ་ཟད། ལོ་རྒྱུས་ཁྲོད་ཉི་ཧོང་གི་བུད་མེད་སྲིད་བློན་གྱི་ཟིན་ཐོ་གསར་པ་བཀོད་ཡོད་འདུག ཁོང་ནི་དགུང་ལོ་༦༤ ཡིན་ཞིང་སྲིད་བློན་ཆགས་ཐབས་ཀྱི་འབད་བརྩོན་བྱས་པ་ཐེངས་མ་གསུམ་པ་དེ་ཆགས་ཡོད་འདུག
ཁོང་ནི་རྒྱ་ནག་ལ་དོགས་ཟོན་དང་རྒྱ་གཞུང་ཐོག་ལངས་ཕྱོགས་མཁྲེགས་པོ་འཛིན་མཁན་ཞིག་ཡིན་འདུག ཕྱི་ལོ་༢༠༢༥ ལོའི་ལོ་འགོར་ཁོང་ཉིད་ཐའེ་ཝན་དུ་འཚམས་འདྲི་ལ་བསྐྱོད་སྐབས། ཐའེ་ཝན་ནི་གལ་འགངས་ཆེ་བའི་རོགས་ཟླ་དང་དགའ་ཞེན་ཆེ་བའི་གྲོགས་པོ་ཞིག་ཡིན་ཞེས་བརྗོད་འདུག
ཁོང་གིས་ཕྱི་ལོ་༡༩༩༢ ལོར་ཐེངས་དང་པོ་གྲོས་ཚོགས་ཀྱི་འོས་བསྡུར་ཞུགས་ཀྱང་ཕམ་ཉེས་བྱུང་ཡོད་ན་ཡང་། ལོ་ངོ་གཅིག་གི་རྗེས། སླར་ཡང་འབད་བརྩོན་བྱས་པར་བརྟེན། གྲོས་ཚོགས་འཐུས་མིའི་ཞབས་སྟེགས་ཐོབ། ཕྱི་ལོ་༡༩༩༦ ལོར་རང་དབང་མང་གཙོ་ཚོགས་པར་ཞུགས། དུས་དེ་ནས་བཟུང་ཁོང་མོ་ཐེངས་བཅུ་ལ་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེམས་བྱུང་ཞིང་། རང་དབང་མང་གཙོ་ཚོགས་པའི་གཏམ་བཤད་པ་གཙོ་གྲས་ཤིག་ཏུ་གྱུར་ཡོད་འདུག ལྷག་པར་དུ་ཁོང་གིས་དཔལ་འབྱོར་བདེ་འཇགས་བློན་ཆེན་དང་། ནང་སྲིད་དང་འཕྲིན་གཏོང་བློན་ཆེན་སོགས་གཞུང་གི་ལས་གནས་མཐོ་རིམ་ཁག་ཀྱང་བཞེས་མྱོང་ཡོད་འདུག
ཉི་ཧོང་དུ་རྒས་འཁོགས་མང་བ་དང་མི་འབོར་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ། དཔལ་འབྱོར་གྱི་འཕར་ཚད་ཞན་པ། མི་འབོར་ས་ཡ་༡༢༠ ཙམ་ཡོད་པའི་ཁྲོད་ནས་མང་ཆེ་བར་འཚོ་བའི་འགྲོ་གྲོན་ཆེ་བ་སོགས། རྒྱལ་ནང་གི་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་བྱེད་དགོས་པ་ཆགས་ཀྱི་ཡོད་འདུག ཁོང་གིས་ཀྱང་དཔྱ་ཁྲལ་ཆག་ཡང་གཏོང་བ་དང་། གཞུང་གི་འགྲོ་གྲོན་འཕར་མ་བཏང་སྟེ་འཕེལ་རྒྱས་སླར་གསོ་བྱེད་འདོད་ཡོད་སྐོར་བཤད་ཡོད་འདུག
གཞན་ཡང་། ཨ་རི་དང་ཉི་ཧོང་གཉིས་ནི་དུས་ཡུན་རིང་པོའི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཡིན་ན་ཡང་། སྲིད་འཛིན་ཊོམ་གྱི་དུས་སྐབས་སུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བྱུང་ཡོད་པ་དང་། ལོ་འདིའི་ཕྱི་ཟླ་༤ པའི་ནང་། སྲིད་འཛིན་ཊོམ་གྱིས་ང་ཚོས་ཉི་ཧོང་སྲུང་སྐྱོབ་བྱེད་པར་ཨ་སྒོར་ཐེར་འབུམ་མང་པོ་སྤྱོད་ཀྱི་ཡོད་ན་ཡང་། ཁོ་ཚོས་གང་ཡང་སྤྲོད་ཀྱི་མེད་ཅེས་བརྗོད་ཅིང་། སྲིད་འཛིན་ཊོམ་གྱིས་ཉི་ཧོང་དང་བདེ་འཇགས་ཀྱི་གྲོས་ཆོད་དེ་ནི་”ཕྱོགས་གཅིག་འབྲེལ་”ཞེས་ཕྱོགས་གཅིག་ལ་ཁེ་ཕན་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག རྒྱལ་ཁབ་གཉིས་ཀྱིས་གྲོས་མོལ་ཟླ་བ་མང་པོ་བྱས་པའི་རྗེས། གྲོས་མཐུན་ཞིག་འཇོག་རྒྱུའི་མཚམས་སུ་བསླེབས་ཡོད་ན་ཡང་། འབྲེལ་ལམ་རྒྱུན་སྐྱོང་བྱེད་རྒྱུ་ནི་ཁོང་གི་མདུན་དུ་ལྷགས་པའི་དཀའ་ངལ་ཞིག་ཏུ་འགྱུར་བཞིན་ཡོད་འདུག
དེ་བཞིན་ས་ཁུལ་དུ་རྒྱ་ནག་གི་དྲག་སྤྱོད་དང་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པ་དང་བསྟུན། དེར་ཁ་གཏད་གཅོག་ཆེད་རྒྱལ་ཁབ་གཞན་དང་འབྲེལ་བ་དམ་ཟབ་བཟོ་དགོས་པ་ཆགས་ཀྱི་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
