ཉི་ཧོང་དུ་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་མི་རིགས་རྣམས་ཀྱི་སྐུ་ཚབ་ཐུན་མོང་གི་ཚོགས་འདུ་ཞིག་ཚོགས་འདུག
ཉིན་ཧོང་གི་རྒྱལ་ས་ཊཱོ་ཀྱོ་རུ་བོད་དང་ལྷོ་སོག ཡུ་གུར་བཅས་ཀྱི་མི་མང་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ། ཐའེ་ཝན་དང་ཧོང་ཀོང་གི་སྐུ་ཚབ་མི་སྣ། ཉི་ཧོང་གི་རྒྱབ་སྐྱོར་བ་བཅས་ཀྱིས་ངོ་རྒོལ་གོམ་བགྲོད་དང་། འབྱུང་འགྱུར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པའི་དུས་སྐབས་དང་བསྟུན། རྒྱ་གཞུང་ལ་ངོ་རྒོལ་གྱི་ཚོགས་འདུ་ཞིག་ཚོགས་འདུག

ཕྱི་ལོ་༢༠༢༥ ཟླ་༩ ཚེས་༢༩ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཉི་ཧོང་གི་རྒྱལ་ས་ཊཱོ་ཀྱོ་ལ་བོད་དང་། ལྷོ་སོག ཡུ་གུར་བཅས་ཀྱི་མི་མང་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ། ཐའེ་ཝན་དང་ཧོང་ཀོང་གི་སྐུ་ཚབ་མི་སྣ། ཉི་ཧོང་གི་རྒྱབ་སྐྱོར་བ་བཅས་ལས་གྲུབ་པའི་ཚོགས་པས་ཉི་ཧོང་གི་རྒྱལ་ས་ཏཱོ་ཀྱོར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ། རྒྱ་གཞུང་གིས་དྲག་གནོན་དང་། རིག་གཞུང་། སྐད་ཡིག་དང་ལོ་རྒྱུས་བཅས་རྒྱ་བསྒྱུར་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག
ཉིན་རྒྱབ་ཤིན་ཇུ་ཀོ་༼Shinjuku༽ མི་མང་ཚོགས་ཁང་དུ་འབྱུང་འགྱུར་ཕྱི་ཟླ་༡༠ ཚེས་༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པའི་དུས་སྐབས་དང་བསྟུན། རྒྱ་གཞུང་གི་མུ་མཐུད་དྲག་གནོན་དང་བཙན་འཛུལ་ལ་ངོ་རྒོལ་གྱི་ཚོགས་འདུ་ཞིག་ཚོགས་འཆར་ཡོད་འདུག
ཚོགས་ཐོག་ཏུ་གདན་ཞུ་སྐུ་མགྲོན་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོས་རྒྱ་གཞུང་གིས་རྒྱ་ནག་གཞུང་གིས་དུས་ཆེན་དེ་སྲུང་བརྩི་གཟབ་རྒྱས་ངང་ཞུ་རྒྱུ་ཡིན་པ་དང་ལྷན། རྒྱ་ནག་དམར་ཤོག་ཚོགས་པས་ད་བར་གྱི་བྱས་རྗེས་ཁག་ལ་ངོམ་སྟོན་བྱེད་རྒྱུ་ཡིན་ན་ཡང་། བོད་དང་ལྷོ་སོག ཡུ་གུར་བཅས་རྒྱ་ནག་གི་བཙན་འོག་ཏུ་གནས་པའི་རྒྱལ་ཁབ་དག་ལ་མཚོན་ན་ལོ་ངོ་རིང་པོའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་དབང་འགོ་འཛུགས་པ་ཞིག་ཡིན་ཞེས་དང་།
བོད་ནང་རྒྱ་གཞུང་གིས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་བཙུགས་པ་དང་།༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཐོག་རྒྱ་གཞུང་གིས་ཐེ་བྱུས་དང་། རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་འབྲེལ་ཉེ་ལམ་རྒྱ་ནག་གཞུང་གི་ཤུགས་རྐྱེན་འོག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝི་ཏི་ནམ་དུ་དོགས་གཞི་ཆེན་པོའི་འོག་འདས་གྲོངས་གྱུར་བའི་གནས་ཚུལ་བཅས་འགྲེལ་བརྗོད་གནང་ཡོད་འདུག རྒྱ་ཡིག་ཐོག་བྲིས་པའི་འབྲུག་གི་དུག་རླངས་ལ་ཁ་གཏད་ཅེས་པའི་དཔེ་དེབ་དེ་རྒྱ་རིགས་སྐུ་མགྲོན་རྣམས་ལ་བགོ་འགྲེམས་གནང་ཡོད་འདུག
གཞན་ཡང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོས་རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་གསར་རྒྱག་དང་འབྲེལ་བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག་ཏུ་གཏོང་བཞིན་པའི་གནས་ཚུལ་ཁག་གི་སྐོར་དང་། ལྷོ་སོག་དང་ཡུ་གུར་གྱི་སྐུ་ཚབ་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་ཆོས་དད་རང་མོས་ལ་དམ་དྲག་བྱེད་བཞིན་པའི་གནས་ཚུལ་དང་། ཧོང་ཀོང་དང་རྒྱ་ནག་མང་གཙོ་དོན་གཉེར་བའི་སྐུ་ཚབ་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་དང་རྒྱ་ནག་ནང་མང་གཙོ་དགོས་གལ་ཆེ་པའི་སྐོར། དེ་བཞིན་ཐའེ་ཝན་སྐུ་ཚབ་ནས་རྒྱ་གཞུང་གི་གཉའ་གནོན་དང་ཐའེ་ཝན་མི་མང་རྣམས་རྒྱ་ནག་དམར་ཤོག་ཚོགས་པས་འཇབ་རྒོལ་བྱེད་སྲིད་པའི་འཇིགས་སྣང་འོག་འཚོ་བ་སྐྱེལ་བཞིན་པའི་སྐོར་གཏམ་བཤད་དང་གླེང་མོལ་གནང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
