ཉིན་གཅིག་ནང་པ་ཀི་སི་ཐན་གྱིས་དྲག་སྤྱོད་པ་བརྒྱ་ལྷག་བསད་པ།

ཟླ་འདིའི་ཕྱི་ཚེས་༡༨ ཉིན་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། པ་ཀི་སི་ཐན་གྱི་ཁ་ཆེའི་གནས་ཆེན་སུ་ཧྥི་ལྷ་ཁང་དུ་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨ་ཡེ་ཨེ་སི་ཡི་རང་གཞན་གཉིས་ཕུང་གི་འབར་གས་གཏོར་རྒོལ་བའི་དྲག་སྤྱོད་དོན་རྐྱེན་འོག ཉུང་མཐར་ཉེས་མེད་ཆོས་བྱེད་མི་སྣ་༨༣ ལྷག་གི་ཚེ་སྲོག་འཕྲོག་པའི་ཉིན་གཅིག་གི་རྗེས་དེ་ག་རང་སྟེ། ཁ་སང་ཕྱི་ཚེས་༡༧ རེས་གཟའ་པ་སང་གི་ཉིན་མོར་པ་ཀི་སི་ཐན་གཞུང་གི་བདེ་སྲུང་མི་སྣ་རྣམས་ཀྱིས་དོག་ཡོད་འཇིགས་སྐུལ་དྲག་སྤྱོད་པ་༡༠༠ ལྷག་བསད་ཡོད་འདུག

16809286_323551798046882_1693874441_n“ཁ་སང་དགོང་མོ་ནས་འཇིགས་སྐུལ་རིང་ལུགས་པ་༡༠༠ ལྷག་བསད་ཚར་ཡིན། དེ་བཞིན་དོགས་ཡོད་མང་པོར་ཞིག་འཇུ་བཟུང་བྱས་ཡོད་” ཅེས་ཁ་སང་ཕྱི་ཚེས་༡༧ ཉིན་པ་ཀི་སི་ཐན་གྱི་དམག་མིས་བཤད་ཡོད་འདུག

དེ་བཞིན་པ་ཀི་སི་ཐན་གྱི་བདེ་སྲུང་གི་མགྲིན་ཚབ་པ་ཞིག་གིས་“འཇིགས་སྐུལ་རིང་ལུགས་པ་སུ་འདྲ་ཞིག་ཡིན་ན་ཡང་། དབྱེ་འབྱེད་དང་ཡ་ང་སྙིང་རྗེ་མེད་པའི་ཐོག་ནས་ས་གནས་གང་དུ་ཡིན་ནའང་དམིགས་འབེན་དུ་བཟུང་ཡོད། ཐབས་ཤེས་ཡོད་རྒུ་འཐེན་རྒྱུ་ཡིན།”ཞེས་བརྗོད་ཡོད་འདུག

ད་ཐེངས་སིན་དྷི་ཞིང་ཆེན་དུ་ཡོད་པའི་སུ་ཧྥི་མཆོད་ཁང་དུ་བྱུང་བའི་རང་གཞན་གཉིས་ཕུང་གི་འབར་གས་གཏོར་རྒོལ་དེ་ནི། འདས་པའི་མི་ལོ་གཉིས་ཀྱི་ནང་ཚུད་དུ་པ་ཀི་སི་ཐན་ནང་གི་ཆེས་མི་མང་ཤོས་འདས་གྲོངས་སུ་སོང་བའི་རྒོལ་རྡུང་དོན་རྐྱེན་དེ་ཆགས་ཡོད་པ་དང་། དེས་པ་ཀི་སི་ཐན་བ་ཏ་ལི་བྷན་དང་ཨ་ཡེ་ཨེ་སི་ཚོགས་པ་ལྟ་བུ་འཇིགས་སྐུལ་དྲག་སྤྱོད་པ་རྣམས་ཀྱི་རྒོལ་རྡུང་གི་ཉེན་ཁ་གསལ་འདེབས་བྱས་ཡོད་འདུག

མ་ཟད་འདས་པའི་ཉིན་ལྔའི་ནང་པ་ཀི་སི་ཐན་གྱི་ཞིང་ཆེན་མི་འདྲ་བ་བཞིའི་ནང་འཇིགས་སྐུལ་རིང་ལུགས་པ་རྣམས་ཀྱིས་འབོམ་གཡུགས་ནས་བསྟུད་མར་དྲག་སྤྱོད་དོན་རྐྱེན་བྱུང་ཡོད་འདུག

གསར་འགོད་པ་བཀྲ་ཤིས་དོན་གྲུབ།