ཉེ་ཆར་བོད་ཀྱི་དཔེ་མཛོད་ཁང་དང་ཀིརྟིའི་བྱེས་པ་གྲྭ་ཚང་བཅས་ནས་དཔེ་དེབ་ཁག་ཅིག་དཔར་སྐྲུན་འགྲེམས་སྤེལ་གནང་འདུག

༡ (བོད་ཀྱི་གལ་ཆེའི་བྱུང་རབས་ལོ་ཚིགས་རེའུ་མིག་)ཅེས་པའི་དཔེ་དེབ་འདི་ནི། བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་ནུབ་ཁང་བྱམས་པ་བསྟན་འཛིན་གྱིས་ཕྱོགས་སྒྲིག་གནང་འདུག བརྗོད་བྱ་ནི་ཕྱི་ལོའི་སྔོན་གྱི་ལོ་༣༠༠༠ མངའ་མཛད་བཅུའི་དུས་རབས་ནས་༢༠༢༡ བར་བོད་ཀྱི་གལ་ཆེའི་བྱུང་རབས་ལི་ཚིགས་དང་དེའི་འགྲེལ་བཤད་བཅས་རེད་འདུག དེབ་འདིར་ཤོག་གྲངས་ཉིས་བརྒྱ་མ་ཟིན་ཙམ་ཞིག་དང་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་དུ་བསྐྲུན་འདུག
༢ (ཀཿ. བྲག་མགར་གྱི་རུས་མཛོད་)ཅེས་པའི་དཔེ་དེབ་འདི་ནི། ད་ལྟའི་བོད་མི་མང་གི་སྤྱི་འཐུས་ལས་ཐོག་མཁན་པོ་ཀཿ  བྲག་དངོས་གྲུབ་བསོད་ནམས་ཀྱིས་བརྩམས་གནང་ཞིང་། བརྗོད་བྱ་ནི་སྤྱིར་བོད་སྤྱིའི་མིང་དང་སྣོད་བཅུད་ཆགས་ཚུལ། ལྷག་ཏུ་ཀཿ. བྲག་ཚང་དང་། ཞི་དངུལ་ལྷ་བཟོ་ཚང་། དངུལ་ལྡོང་ཞབས་ཚང་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས། དེ་བཞིན་ཏྲེ་བོ་རྒྱལ་པོའི་རྒྱལ་རྒྱུད་དང་ཧོར་སྲས་དཔོན་བརྒྱུད་སོགས་བྱུང་ཚུལ། གཞན་ཡང་དཀར་མཛེས་ཁུལ་གྱི་ལོ་རྒྱུས་མདོར་ཙམ་བརྗོད་པ་ཞིག་རེད་འདུག
དེབ་འདིར་ཤོག་གྲངས་སུམ་བརྒྱ་མ་ཟིན་ཙམ་ཞིག་དང་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་དེབ་ཕྲེང་༧༣ པ་ཞེས་དཔར་དུ་བསྐྲུན་འདུག
༣ (ཤར་སྟག་མོའི་བུ་)ཞེས་པ་དེབ་ཕྲེང་གསུམ་གྱི་བདག་ཉིད་ཅན་གྱི་དཔེ་དེབ་འདི་ནི། ཀིརྟིའི་དྲུང་ཡིག་འབྲིང་བ་འཇིགས་མེད་ཀྱིས་རྩོམ་སྒྲིག་གནང་ཞིང་། བརྗོད་བྱ་ནི་༧སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྲིད་དོན་མཛད་རྣམ་ཞིག་རེད་འདུག
དེབ་འདི་དག་རེ་རེ་ལ་ཤོག་གྲངས་བཞི་ལྷག་ཙམ་དང་ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་ཐུན་མོང་ནས་འགྲེམས་སྤེལ་གནང་འདུག
༤ (སྙན་སྒྲོན་བཅུ་གསུམ་གཉིས་པའི་ཁུངས་ལུང་གསལ་བར་སྟོན་པ་སྣོད་ལྡན་ཐར་པར་འཁྲིད་པའི་དམིགས་བུ་)ཞེས་པའི་དཔེ་དེབ་འདི་ནི། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ནས་བརྩམས་གནང་ཞིང་། བརྗོད་བྱ་ནི་ཀིརྟི་རིན་པོ་ཆེའི་བཀའ་རྩོམ་སྙན་སྒྲོན་བཅུ་གསུམ་གཉིས་པ་ཞེས་པའི་དགོངས་འགྲེལ་ཞིག་རེད་འདུག་ཅིང་། དེབ་འདིར་ཤོག་གྲངས་ཉིས་བརྒྱ་མ་ཟིན་ཙམ་ཞིག་དང་ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་ཐུན་མོང་ནས་འགྲེམས་སྤེལ་གནང་འདུག
༥ (ཕར་ཕྱིན་གྱི་དོགས་དཔྱོད་དཔལ་ལྡན་བླ་མའི་ཞལ་ལུང་ཞེས་བྱ་བ)འི་དཔེ་དེབ་འདི་ནི། བློ་བཟང་རྒྱ་མཚོ་ལགས་ཀྱིས་བརྩམས་གནང་ཞིང་། བརྗོད་བྱ་ནི་ཕར་ཕྱིན་དང་འབྲེལ་བ་རེད་འདུག་པ་དང་།
དེབ་འདིར་ཤོག་གྲངས་ཉིས་ལྷག་ཙམ་ཞིག་དང་ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་ཐུན་མོང་ནས་འགྲེམས་སྤེལ་གནང་འདུག
༦ (དེ་ཁོ་ན་ཉིད་ཀྱི་དཀའ་གནད་དོགས་སློང་གཟུར་གནས་དཔྱོད་ལྡན་དགྱེས་པའི་དགའ་སྟོན་ཞེས་བྱ་བ)འི་དཔེ་དེབ་འདི་ནི། ཡས་བློ་བཟང་ཚུལ་ཁྲིམས་ཀྱིས་བརྩམས་གནང་ཞིང་། བརྗོད་བྱ་ནི་དབུ་མ་ཐལ་རང་དང་སེམས་ཙམ་པའི་ལུགས་དང་དེ་དག་གིས་རྣམ་ཐར་སྒོ་གསུམ་དང་འཁོར་རྩ་ངོས་འཛིན་ཚུལ། དེ་བཞིན་བདག་མེད་སྒྲུབ་པའི་རིགས་པ་དང་དགག་བྱ་ངོས་འཛིན་ཚུལ་སོགས་རེད་འདུག
དེབ་འདིར་ཤོག་གྲངས་ཉིས་བརྒྱ་ལྷག་ཙམ་ཞིག་དང་ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་ཐུན་མོང་ནས་འགྲེམས་སྤེལ་གནང་འདུག

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||