བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་ཞུས་པའི་དཔེ་དེབ་གསར་པ་བཞི།

ལྡོང་ཕྱིང་གུར་བ་རྒྱལ་ལོས་བརྩམས་པའི་སྤྱི་ཚོགས་རིག་པའི་དགོངས་འགྲེལ་རབ་གསལ་དུས་ཀྱི་བསུ་སྐྱེམས་ཞེས་བྱ་བ་འདི་ནི། བོད་ཀྱི་རིག་གནས་དང་སྤྱིི་ཚོགས་ཀྱི་འཕེལ་འགྱུར་གཞི་རྩར་བྱས་ཏེ་དེང་རབས་ཀྱི་སྤྱི་ཚོགས་རིག་པའི་ལེགས་བཤད་ཀྱིས་བརྒྱན་ནས་བརྩམས་པའི་གཞུང་དམིགས་བསལ་བ་ཞིག་དང་། རང་གི་སྤྱི་ཚོགས་ལ་ཉེ་བའི་མིག་གིས་ལེགས་པར་བལྟས་ཤིང་མཐོང་བའི་ཁར། ནུབ་ཕྱོགས་ཀྱི་སྤྱི་ཚོགས་རིག་པའི་ཤེས་བྱར་ཞིབ་འཇུག་ཚད་མཐོར་བགྱིས་ཏེ་བརྩམས་ཡོད་པས་དེབ་འདི་དངོས་འབྲེལ་ཐུན་མོང་མ་ཡིན་པ་ཞིག་ཏུ་གྲུབ་འདུག

ལོ་ཙྰ་བ་ཌོག་ཊར་ཟླ་བ་ཤར་པས་བསྒྱུར་བའི་ཙཱ་ཎ་ཀྱའི་ལུགས་ཞེས་པའི་བསྟན་བཅོས་འདི་ནི་ཕྱི་ལོ་མ་ཚུགས་གོང་གི་བརྒྱ་ཕྲག་གསུམ་པ་ཙམ་ལ་རྒྱ་གར་གྱི་མཁས་པ་ཙཱ་ཎ་ཀྱས་མཛད་པའི་ལུགས་ཀྱི་བསྟན་བཅོས་ཧ་ཅང་གི་གྲགས་ཆེ་བ་ཞིག་སྟེ་དེང་གི་ཆར་བསྟན་བཅོས་འདི་ལ་དབྱིན་འགྱུར་དང་། ནེ་པཱ་ལཱིའི་འགྱུར། ཧིན་དཱིའི་འགྱུར་སོགས་འགྱུར་ཡང་མང་དག་ཅིག་ཡོད་ཚོད། ཙཱ་ཎ་ཀྱའི་ལུགས་འདི་ལ་མཚན་བྱང་ཅུང་མི་འདྲ་ཞིང་རྒྱས་བསྡུས་ཀྱང་མི་མཚུངས་པའི་གཞུང་བདུན་བརྒྱད་ཅིག་ཡོད་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་པ་དང་ཤེས་རབ་སྡོང་བུ་སོགས་ལུགས་ཀྱི་བསྟན་བཅོས་མང་དག་ཅིག་བཞུགས་པའི་ཁྲོད་ནས་ཙཱ་ཎ་ཀྱའི་ལུགས་འདི་ནི་འཇིག་རྟེན་མི་ཆོས་ཀྱི་རྣམ་གཞག་སྟོན་པའི་ལེགས་བཤད་རྩོམ་རིག་རང་རྐང་བ་ཆེས་སྔ་ཤོས་ཤིག་དང་ལུགས་ཀྱི་བསྟན་བཅོས་གཞན་རྣམས་ཀྱི་ཕྱི་མོ་ལྟ་བུ་ཞིག་ཆགས་ཡོད་འདུག

ངག་དབང་བསྟན་པའི་རྒྱ་མཚོས་བརྩམས་པའི་རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ཀྱི་འགྲེལ་པ་དྲི་མེད་ཤེལ་གྱི་འབབ་སྟེགས་ཞེས་པ་འདི་ཞལ་ཤུལ་སྐུ་ཕྲེང་གཉིས་པ་ངག་དབང་བསྟན་པའི་རྒྱ་མཚོས་སྔ་མོའི་དཔར་མ་དང་བྲིས་མ་རྣམས་ཀྱི་ཚིག་དོན་ལ་དོགས་སློང་གི་ལམ་ནས་དག་བཅོས་གནང་སྟེ། གོ་ཇེ་བདེ་དང་ནང་དོན་ཇེ་གསལ་དུ་བཏང་བའི་འགྲེལ་པ་ཞིག་ཡིན

གཞོན་ནུ་མགོ་སེས་སྐལ་བཟང་དང་ཁོང་གི་སྒྲོལ་མ་ཉེར་གཅིག་ཅེས་པའི་བརྩམས་སྒྲུང་འདི་ནི་སྒྲུང་གི་མི་སྣ་གཙོ་བོ་བཀྲ་ཤིས་ཀྱིས་སྐལ་བཟང་དོན་གྲུབ་ཀྱིས་བརྩམས་པའི་སྒྲོལ་མ་ཉེར་གཅིག་ཅེས་པའི་སྙན་རྩོམ་དེ་བཀླགས་རྗེས་དེའི་རྒྱབ་ལྗོངས་སུ་གསང་བ་མང་པོ་ཞིག་ཡོད་པ་དང་། དེ་དག་ཤེས་འདོད་ཆེན་པོ་སྐྱེས། ཐོག་མར་ལྷ་ས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འགྲམ་སྐལ་བཟང་དོན་གྲུབ་སྐྱེ་ཡུལ་གྱི་སྡེ་པར་ཕྱིན། དེར་སྐལ་བཟང་དོན་གྲུབ་ཀྱི་ནུ་བོ་ཚེ་རིང་དོན་གྲུབ་ནས་སྐལ་བཟང་དོན་གྲུབ་ཕྱི་རྒྱལ་ནས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོས། འོན་ཀྱང་ཚེ་རིང་དོན་གྲུབ་དང་བཀྲ་ཤིས་ཚེ་རིང་སོགས་ཀྱི་ལམ་སྟོན་ལས་ཤོ་ལོ་ཀ་གཅིག་མ་གཏོགས་གང་འཚམ་གསང་རྒྱ་དགྲོལ་ཐུབ་འདུག །དེ་བས་ཀྱང་སྒྲོལ་མ་ཉེར་གཅིག་སྐལ་བཟང་དང་འབྲེལ་བ་ཇི་ལྟར་བྱུང་ཚུལ་སོགས་ཧ་ཅང་གསོན་ཉམས་ལྡན་ལ། གོ་བདེ་བའི་ལམ་ནས་བྲིས་འདུག།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||