ཏུར་ཀི་དང་སི་རི་ཡྰའི་ས་འགུལ་ཁྲོད་མི་ཁྲི་༢ ལྷག་གྲོངས་འདུག
ཟླ་འདིའི་ཚེས་༡༠ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཏུར་ཀི་དང་སི་རི་ཡའི་ས་འགུལ་གྱི་ཁྲོད་དུ་མི་༢༡༠༠༠ ཤི་ཡོད་པའི་གནས་ཚུལ་ཐོན་འདུག ཏུར་ཀི་དང་སི་རི་ཡའི་ས་མཚམས་ཁུལ་དུ་ས་འགུལ་བརྒྱབ་ནས་ཉིན་བཞི་ལྷག་འགྲོ་ཡི་ཡོད་པ་དང་། ད་ལྟའི་ཆར་ས་འགུལ་དེའི་རྐྱེན་གྱིས་མི་༢༡༠༠༠ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད། འཛམ་གླིང་གང་ས་ནས་ཡོང་བའི་ཉེན་སྐྱོབ་རུ་ཁག་མང་པོས་མུ་མཐུད་ནས་རོགས་རམ་བྱེད་བཞིན་ཡོད་འདུག ད་ལྟའི་ཆར་ས་འགུལ་གྱི་གོད་ཆག་ལས་ཚེ་སྲོག་ཐར་མཁན་མི་མང་སྟོང་ཕྲག་མང་པོ་ལ་ཁ་ལག་དང་སྡོད་གནས། འཐུང་ཆུ་དང་གློག་སོགས་མེད་པའི་ཐོག་གནམ་གཤིས་ཧ་ཅང་གྲང་བའི་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་འདུག
ཟླ་འདིའི་ཚེས་༩ ཉིན་ཨ་རི་གཞུང་གིས་ཨ་སྒོར་ས་ཡ་$༨༥ ཡི་རོགས་རམ་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག་ལ། འཛམ་གླིང་དངུལ་ཁང་གིས་ཀྱང་སྡོད་ཁང་དང་སྨན་ཁང་སོགས་འཛུགས་སྐྲུན་གྱི་དོན་དུ་ཨ་སྒོར་ཐེ་འབུམ་༡,༧༨ གྱི་རོགས་རམ་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག དེ་བཞིན་ཁེ་ན་ཌས་ཨ་སྒོར་ས་ཡ་$༡༠ སྤྲད་རྒྱུ་ཡིན་ཞེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག
ས་འགུལ་གྱི་དབང་གིས་ཏུར་ཀིའི་ས་མཚམས་སུ་ཡོད་པའི་རྰ་ཇོ(Rajor) ཞེས་པའི་གྲོང་སྡེ་ཞིག་ལ་དམག་དོན་ཉེན་རྟོག་པའི་(Military police prison) བཙོན་ཁང་ལ་གཏོར་བཤིག་བྱུང་ཡོད་པ་དང་། བཙོན་ཁང་དེའི་ནང་ལ་བཙོན་པ་༢༠༠༠ ཡོད་པའི་ཁྲོད་ནས་མང་ཆེ་བ་ཁ་ཆེ་དྲག་སྤྱོད་པའི་ཚོགས་མི་ཡིན་འདུག ས་འགུལ་དེ་བྱུང་བའི་དབང་གིས་བཙོན་པ་༢༠ བྲོས་བྱོལ་དུ་ཕྱིན་ཡོད་པ་དང་ཁོང་ཚོ་ནི་ཁ་ཆེ་དྲག་སྤྱོད་པའི་ཚོགས་མི་ཡིན་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༦ ཉིན་དབུས་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཏུར་ཀི་དང་སི་རི་ཡྰའི་ས་མཚམས་ཁུལ་དུ་ས་འགུལ་རིམ་པ་༧.༨ བརྒྱབ་ནས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབ་ཆེན་ཕོག་ཡོད་པ་དང་། ད་བར་འཛམ་གླིང་རྒྱལ་ཁབ་༤༥ ཡིས་རོགས་རམ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག ཏུར་ཀི་ནི་འཛམ་གླིང་ཐོག་ས་འགུལ་ཡོང་ཉེན་ཆེ་ཤོས་གྲས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། ཕྱི་ལོ་༡༩༩༩ ལོར་ཏུར་ཀིའི་ནུབ་བྱང་ས་ཁུལ་དུ་ས་འགུལ་ཞིག་བརྒྱབ་ནས་མི་གྲངས་༡༧༠༠༠ ཡི་ཚེ་སྲོག་ཤོར་ཡོད་འདུག་ལ། ཕྱི་ལོ་༡༩༣༩ ལོར་ཏུར་ཀིའི་ཤར་ཕྱོགས་(Erzincan) ཞེས་པའི་མངའ་སྡེའི་ནང་ས་འགུལ་ཞིག་བརྒྱབ་ནས་མི་གྲངས་༣༣༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པའི་ལོ་རྒྱུས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
