ཏུར་ཀི་ནང་དུ་མི་༣༣༧ ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག 

ཕྱི་ལོ་༢༠༡༦ ལོར་ཏུར་ཀིའི་སྲིད་དབང་བཙན་འཕྲོག་བྱེད་ཐབས་ལམ་ལྷོངས་མ་བྱུང་བའི་གནད་དོན་དང་འབྲེལ་ནས། ཐེངས་འདིར་སྐབས་དེའི་འབྲེལ་ཡོད་དམག་མི་སོགས་མི་གྲངས་བརྒྱ་ཕྲག་ཁ་ཤས་ལ་ཚེ་བཙོན་ཁྲིམས་ཐག་བཅད་འདུག 

ཟླ་༡༡ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཏུར་ཀིའི་ཁྲིམས་ཁང་ཞིག་གིས་ཕྱི་ལོ་༢༠༡༦ ལོའི་ཟླ་༧ པའི་ཚེས་༡༥ ཉིན་ཏུར་ཀིའི་དམག་གི་གྱེན་ལངས་ཤོག་ཁག་གཅིག་གིས་རྒྱལ་ཁབ་ཀྱི་སྲིད་འཛིན་དམར་གསོད་དང་སྲིད་དབང་བཙན་འཕྲོག་བྱས་པའི་གནད་དོན་དང་འབྲེལ་ནས་ཁྲིམས་ཐག་བཅད་ཡོད་འདུག དེ་ཡང་མི་གྲངས་༤༧༥ ལ་ཁྲིམས་ཞིབ་བྱས་པ་བརྒྱུད། མི་གྲངས་༣༣༧ ལ་ཚེ་བཙོན་ཁྲིམས་ཐག་བཅད་འདུག ཚེ་བཙོན་ཁྲིམས་ཐག་བཅད་པའི་ཁོངས་ནས་མི་གྲངས་༢༩༡ ཞིག་ལ་གློད་གྲོལ་ཡོང་ཐབས་མེད་པའི་ཚེ་བཙོན་ཁྲིམས་ཐག་བཅད་ཡོད་པ་དང་ཁྲིམས་ཆད་དེ་རྒྱལ་ཁབ་དེའི་ནང་གི་ཉེས་ཆད་ཚབས་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག དེ་བཞིན་མི་གྲངས་༧༠ ཞིག་ལ་ཉེས་མེད་ར་སྤྲོད་བྱས་ཡོད་པ་རེད་འདུག 

དེ་ཡང་ཕྱི་ལོ་༢༠༡༦ ལོའི་ཟླ་༧ པའི་ཚེས་༡༥ ཉིན་གྱི་དགོང་མོར་ཏུར་ཀིའི་དམག་གི་སྒྲིག་འཛུགས་ཀྱི་ཤོག་ཁག་ཅིག་གིས། རྒྱལ་ས་ཨེ་སི་ཊན་བྷོལ་གྱི་ལམ་ཀ་རྣམས་བཀག་པ་དང་། དེ་བཞིན་བརྙན་འཕྲིན་བརྒྱུད་ལམ་ཁག་བཙན་བཟུང་བྱས་ནས་ཏུར་ཀིའི་སྲིད་གཞུང་གི་སྲིད་དབང་བཙན་འཕྲོག་བྱས་ཟིན་སྐོར་གསལ་བསྒྲགས་བྱས་ནས། མི་རྣམས་ཕྱི་ལ་འདོན་མི་ཆོག་སྐོར་བཤད་ཡོད་པ་རེད། སྲིད་འཛིན་དང་གྲོས་ཚོགས་ཀྱི་ལས་ཁུངས་ལ་མེ་མདའ་བརྒྱབ་པ་སོགས་བྱས་ཡོད་ཀྱང་། དམག་གི་སྒྲིག་འཛུགས་ཀྱི་ཤོག་ཁག་གཞན་རྣམས་དང་མི་མང་གི་རྒྱབ་སྐྱོར་མེད་པར་བརྟེན། སྲིད་དབང་བཙན་འཕྲོག་གི་ལས་འགུལ་དེ་ལམ་ལྷོངས་བྱུང་མེད་པ་མ་ཟད། དེ་དང་འབྲེལ་བའི་དཔོན་རིགས་མཐོ་གྲས་མང་པོ་ཞིག་འཛིན་བཟུང་བྱས་ཡོད་འདུག དེ་བཞིན་ཚེས་༡༥ ནས་༡༦ བར་ལ་སྲིད་དབང་བཙན་འཕྲོག་གི་ཤོག་ཁག་དང་ཏུར་ཀི་སྲིད་གཞུང་གི་རྒྱབ་སྐྱོར་བའི་བར་ལ་གདོང་ཐུག་བྱུང་ནས། མི་༢༩༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། ཚེས་༡༦ ཉིན་ནས་སྲིད་དབང་བཙན་འཕྲོག་ཤོག་ཁག་གི་དམག་མི་རྣམས་ཀྱིས་མགོ་བཏགས་བྱས་ཡོད་འདུག དེ་རྗེས་དམག་མི་དང་དམག་དཔོན། ཁྲིམས་དཔོན་སོགས་མི་མང་པོ་འཇུ་བཟུང་བྱས་རྗེས། ཏུར་ཀི་སྲིད་འཛིན་ཨེ་ར་གྷོན་གྱིས་ཏུར་ཀིའི་ཁྲིམས་ནང་སྲོག་ཐོག་གི་ཁྲིམས་ཆད་དེ་སླར་གསོ་བྱེད་སྲིད་སྐོར་བརྗོད་ཡོད་ཁར། ཨ་རིར་སྐྱབས་བཅོལ་དུ་ཡོད་པའི་ཆོས་དཔོན་གྷུ་ལན་གྱིས་སྲིད་དབང་བཙན་འཕྲོག་གི་ལས་འགུལ་དེ་བརྒྱུད་སྐུལ་བྱས་ཡོད་པས། ཨ་རིས་ཁོ་རྩིས་སྤྲོད་བྱེད་དགོས་སྐོར་བརྗོད་འདུག་ཀྱང་། ཆོས་དཔོན་གྷུ་ལན་གྱིས་ཉེས་འཛུགས་དེར་ངོས་ལེན་བྱས་མེད་པ་རེད། 

ཏུར་ཀིའི་འགོ་ཁྲིད་དང་མི་མང་ནང་དུ་ཡང་སྐབས་དེའི་སྲིད་དབང་བཙན་འཕྲོག་བྱེད་ཐབས་ཀྱི་གྱེན་ལངས་དེའི་རྒྱབ་ཏུ་ཨ་རིའི་ལག་པ་ཡོད་པར་ངོས་འཛིན་བྱེད་མཁན་མང་པོ་ཡོད་འདུག 

སྲིད་དབང་བཙན་འཕྲོག་གི་གནད་དོན་ལྷག་པའི་རྗེས་སུ་ཕྱི་ལོ་༢༠༡༧ ལོར་ལོར་ཏུར་ཀིའི་སྲིད་འཛིན་ཨེར་གྷོན་

གྱིས་རྒྱལ་ཁབ་དེ་གྲོས་ཚོགས་ལམ་ལུགས་ལ་མུ་མཐུད་ཕྱིན་ན། བདེ་འཇགས་སོགས་ཀྱི་ཐད་ལ་ཉེན་ཚབས་ཆེ་བས། སྲིད་འཛིན་ལམ་ལུགས་སུ་སྒྱུར་བཅོས་གཏོང་དགོས་སྐོར་བརྗོད་ནས། རྩ་ཁྲིམས་བསྐྱར་བཅོས་བྱེད་དགོས་པའི་གྲོས་འདོན་བྱས་ཡོད་པ་རེད། མི་མང་གིས་གྲོས་འདོན་དེར་མང་མོས་འོས་བསྡུ་ཐག་གཅོད་བྱས་ཏེ། རྩ་ཁྲིམས་བསྐྱར་བཅོས་བྱེད་པའི་རྒྱབ་སྐྱོར་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། ལམ་ལུགས་གསར་པའི་ནང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་བཅོས་བསྒྱུར་བྱེད་དགོས་པའི་དོན་ཚན་༡༨ འཁོད་ཡོད་པའི་ནང་དུ། སྲིད་བློན་གྱི་ལས་གནས་མེད་པ་བཟོས་ཏེ་འཛིན་སྐྱོང་གི་དབང་ཚད་དེ་སྲིད་འཛིན་གྱིས་འཁུར་རྒྱུ། སྲིད་འཛིན་གྱི་ལས་ཡུན་དེ་ལོ་༥ རེ་དང་མང་ཤོས་སྐབས་༢ བྱེད་ཆོག་པ། དེ་བཞིན་དེ་སྔོན་ལྟར་མ་ཡིན་པར་སྲིད་འཛིན་དེ་ཆབ་སྲིད་ཚོགས་པ་ཞིག་གི་ཚོགས་མི་ཡིན་ཆོག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་མི་༡༣ ནས་༥ སྲིད་འཛིན་གྱིས་བསྐོ་གཞག་བྱ་རྒྱུ་དང་ལྷག་མ་རྣམས་གྲོས་ཚོགས་ཀྱིས་འོས་འདེམས་བྱེད་དགོས་པ། སྲིད་འཛིན་གྱིས་བཀའ་ཁྱབ་གཏོང་ཆོག་པ་དང་བློན་ཆེན་སོགས་གནད་ཡོད་མི་སྣ་བསྐོ་གཞག་བྱེད་པའི་དབང་ཚད་ཡོད་པ། སྲིད་འཛིན་གྱིས་རྒྱལ་ཁབ་ཏུ་ཛ་དྲག་གནས་སྟངས་ཀྱི་ཁྲིམས་བཀའ་གཏོང་ཆོག་པ། སྲིད་འཛིན་གྱིས་ཁྲིམས་ཞིབ་ལྷན་ཚོགས་ནང་བར་འདུམ་བྱེད་ཆོག་པ་སོགས་ཀྱི་དོན་ཚན་འཁོད་ནས་སྲིད་འཛིན་གྱི་དབང་ཚད་ཆེ་རུ་སོང་ཡོད་འདུག་པ་དང་། དེ་དང་བསྟུན་ནས་ཕྱི་ལོ་༢༠༡༨ ལོའི་ཏུར་ཀིའི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུ་སྐབས་སུ། སྲིད་འཛིན་ཨེར་གྷོན་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་མ་ཟད། ཁོང་གི་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་མང་ཤོས་ཐོབ་ཡོད་པ་རེད།

རྒྱལ་སྤྱིའི་ནང་ཏུར་ཀིའི་སྲིད་འཛིན་གྱིས་ཕྱི་ལོ་༢༠༡༦ ལོའི་སྲིད་དབང་བཙན་འཕྲོག་བྱེད་ཐབས་ཀྱི་གནད་དོན་ལ་ཁ་གཡར་ནས། རྒྱལ་ཁབ་དེའི་ནང་ཁོང་ལ་ཁ་གཏད་གཅོག་མཁན་རྣམས་དྲག་གནོན་དང་སྨྲ་བརྗོད་རང་དབང་བཀག་འགོག་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།