ཏོག་དབྱིབས་ནད་ཡམས་ཁྲོད་རྒྱ་ནག་གི་ཆེ་མཐོང་དང་མཚན་སྙན་ལ་གནོད་སྐྱོན་ཆེན་པོ་ཐེབས་འདུག
ཨ་རིར་རྟེན་གཞི་བྱས་པའི་ཕེའུ་ཞིབ་འཇུག་ལྟེ་གནས་ཁང་(Pew Research Center) གི་ཞིབ་འཇུག་གྲུབ་དོན་གསར་ཤོས་ལྟར་ན། མང་གཙོའི་རྒྱལ་ཁབ་དགུའི་ནང་རྒྱ་ནག་ལ་ལྟ་སྟངས་ངན་པ་འཛིན་མཁན་དེ་ལོ་ངོ་བཅུ་ཕྲག་ནང་འབྱུང་མྱོང་མེད་པའི་ཚད་གཞི་དམའ་ཤོས་སུ་བསླེབས་ཡོད་འདུག
མང་གཙོའི་རྒྱལ་ཁབ་དགུ་པོ་དེའི་ཁྲོད་ནས། རྒྱ་ནག་ལ་ལྟ་ཚུལ་ངན་པ་འཛིན་མཁན་གྱི་བརྒྱ་ཆ་མཐོ་ཤོས་དེ་སུའུ་ཌན་ཆགས་འདུག་སྟེ། སུའུ་ཌན་དུ་རྒྱ་ནག་ལ་ལྟ་སྟངས་ངན་པ་འཛིན་མཁན་གྱི་བརྒྱ་ཆ་ ༨༥ ཟིན་འདུག་ཅིང་། དེའི་རྗེས་ཨོ་སི་ཁྲུ་ལི་ཡ་(བརྒྱ་ཆ་ ༨༡)དང་། དེ་ནས་ལྷོ་ཀོ་རི་ཡ།(བརྒྱ་ཆ་ ༧༥) དབྱིན་ཇི། (བརྒྱ་ཆ་ ༧༤) ཨ་རི། (བརྒྱ་ཆ་ ༧༣) ཁ་ན་ཊ། (བརྒྱ་ཆ་ ༧༣) ནེ་ཌར་ལན་ཊི། (བརྒྱ་ཆ་ ༧༣) ཇར་མན། (བརྒྱ་ཆ་ ༧༡) སི་པཱན་(བརྒྱ་ཆ་ ༦༣)བཅས་ཆགས་འདུག
བདུན་ཕྲག་འདིའི་ནང་བཏོན་པའི་ཞིབ་འཇུག་གི་གྲུབ་དོན་དེའི་ནང་། ཕེའུ་ཞིབ་འཇུག་ལྟེ་གནས་ཁང་གིས་ད་ལོའི་ཕྱི་ཟླ་༦ པའི་ཚེས་༡༠ ནས་ཕྱི་ཟླ་༨ པའི་ཚེས་༣ བར་གྱི་དུས་ཡུན་རིང་འཛམ་གླིང་གི་རྒྱལ་ཁབ་༡༤ ནས་མི་མང་༡༤,༢༧༦ གི་ལྟ་ཚུལ་བསྡུ་རུབ་བྱས་འདུག
རྒྱལ་ཁབ་བཅུ་བཞི་དེ་དག་ཚང་མའི་ཁྲོད་ནས་རྒྱ་ནག་ལ་ལྟ་སྟངས་ངན་པ་འཛིན་མཁན་གྱི་བརྒྱ་ཆ་མཐོ་ཤོས་དེ་ཉི་ཧོང་ཆགས་འདུག་སྟེ། ཉི་ཧོང་ནས་ཞིབ་འཇུག་ནང་མཉམ་ཞུགས་བྱས་ཏེ་ལན་འདེབས་མཁན་གྱི་བརྒྱ་ཆ་༨༦ གིས་རྒྱ་ནག་ལ་ལྟ་ཚུལ་ངན་པ་འཛིན་གྱི་ཡོད་འདུག ཨ་སི་ཁྲུ་ལི་ཡའི་ནང་དུ་རྒྱ་ནག་ལ་ལྟ་ཚུལ་ངན་པ་འཛིན་མཁན་དེ་ལོ་སྔོན་ལས་བརྒྱ་ཆ་༢༤ ཡར་འཕར་ནས་བརྒྱ་ཆ་༨༡ ཆགས་ཡོད་འདུག
དེ་དང་ཆབས་ཅིག་ཨ་རིའི་ནང་དུ་རྒྱ་ནག་ལ་ལྟ་སྟངས་ངན་པ་འཛིན་མཁན་གྱི་བརྒྱ་ཆ་དེའང་ལོ་སྔོན་མ་ལས་བརྒྱ་ཆ་༡༣ ཡར་འཕར་བ་དང་། ཕྱི་ལོ་༢༠༡༧ ལོར་ཊོམ་གྱིས་ཨ་རིའི་སྲིད་འཛིན་བྱས་པ་ནས་བཟུང་བརྒྱ་ཆ་༢༠ ཡར་འཕར་བ་ཡིན་འདུག
གཞན་ཡང་། ཕེའུ་ཞིབ་འཇུག་ལྟེ་གནས་ཁང་ནས་མཉམ་ཞུགས་བྱེད་མཁན་ཚོར་རྒྱ་ནག་གིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱེད་ཚུལ་དེ་ག་འདྲ་ཡིན་མིན་དྲིས་པར། བརྒྱ་ཆ་༦༡ ཙམ་གྱིས་རྒྱ་ནག་གིས་ནད་ཡམས་དང་འབྲེལ་བའི་ལས་དོན་ཡག་པོ་བསྒྲུབས་མེད་པའི་ལྟ་ཚུལ་བརྗོད་འདུག་པ་དང་། ཉི་ཧོང་དང་ལྷོ་ཀོ་རི་གཉིས་ཀའི་ནང་རྒྱ་ནག་གིས་ལས་དོན་ཡག་པོ་བསྒྲུབས་མ་སོང་ཟེར་མཁན་གྱི་བརྒྱ་༧༩ ཟིན་འདུག
མཉམ་ཞུགས་བྱེད་མཁན་ཚོར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ནད་ཡམས་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་སྐོར་ལ་ཡང་སྐད་ཆ་དྲིས་པར། ལྷོ་ཀོ་རི་ཡའི་ནང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ལྟ་སྟངས་ངན་པ་འཛིན་མཁན་བརྒྱ་ཆ་༨༠ ཟིན་པ་དང་། དེ་ནས་ཉི་ཧོང་(བརྒྱ་ཆ་ ༦༧)དང་། དེ་ནས་ཨེ་ཊ་ལི། (བརྒྱ་ཆ་ ༤༥) དེའི་རྗེས་ཨ་རི། (བརྒྱ་ཆ་ ༤༤) དེ་ནས་ཨོ་སི་ཁྲུ་ལི་ཡ་(བརྒྱ་ཆ་ ༤༣)བཅས་ཆགས་ཡོད་འདུག
ཞིབ་འཇུག་གི་གྲུབ་དོན་གསར་པ་དེའི་ནང་། ད་དུང་རྒྱལ་ཁབ་བཅུ་བཞི་ནས་མཉམ་ཞུགས་བྱེད་མཁན་གྱི་བརྒྱ་ཆ་༧༨ ཙམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིིང་ལ་“འཛམ་གླིང་གི་གནད་དོན་དང་འབྲེལ་བའི་ཐོག་ལས་དོན་རྣམས་ཡག་པོ་ཞིག་”སྒྲུབ་པའི་ཡིད་ཆེས་དང་གདེང་ཚོད་མེད་ཅེས་བཤད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
