ཐའེ་ཝན་གྱི་“མང་གཙོའི་ཡབ་ཆེན་”སྐུ་གཤེགས། 

ཐའེ་ཝན་གྱི་“མང་གཙོའི་ཡབ་ཆེན་”དུ་གྲགས་ཤིང་མི་མང་གིས་འདེམས་ཐོན་བྱས་པའི་སྲིད་འཛིན་ཐོག་མ་ལི་ཏུན་ཧེ་(Lee Teng-hui)དགུང་གྲངས་ ༩༧ ཐོག་སྐུ་གཤེགས་འདུག 

ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་ལི་ཏུན་ཧེ་ཁ་སང་དགོང་མོའི་ཆུ་ཚོད་ ༧ ཡོལ་ཙམ་ལ་རོང་ཙོང་སྨན་ཁང་(Taipei Veterans general hospital)དུ་སྐུ་གཤེགས་འདུག་ཅིང་། ཁོང་སྐུ་གཤེགས་སྐབས་དགུང་གྲངས་ ༩༧ ལ་ཕེབས་འདུག 

མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་ཐའེ་ཝན་གྱི་སྲིད་འཛིན་ཐོག་མ་ཁོང་འདི་ལོའི་ཕྱི་ཟླ་གཉིས་པ་ནས་བཟུང་སྨན་ཁང་དུ་ལྷུངས་ནས་དྲག་སྐྱེད་མ་བྱུང་བར་ཁ་སང་རེས་གཟའ་ཕུར་བུའི་དགོང་མོར་སྐུ་གཤེགས་འདུག་པར། ཐའེ་ཝན་གྱི་སྲིད་འཛིན་ལས་ཐོག་ལྕམ་ཚེ་དབྱིང་ཝན་གྱིས་མྱ་ངན་དྲག་པོ་གནང་བ་དང་སྦྲགས། ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་སྲིད་གཞུང་ནས་རོགས་རམ་གང་དགོས་བྱེད་དགོས་པའི་སྐུལ་མའང་གནང་འདུག 

སྐུ་ཞབས་ལི་ཏུན་ཧེ་ཡིས་ཕྱི་ལོ་༡༩༨༨ ནས་ ༢༠༠༠ ལོ་བར་སྲིད་འཛིན་གནང་བའི་རིང་། ཁོང་གིས་སྒེར་གཅོད་རིང་ལུགས་ཀྱི་སྲིད་དབང་མེད་པར་བཟོས་ནས་ཐའེ་ཝན་ཨེ་ཤི་ཡའི་མང་གཙོ་ཚགས་ཚུད་ཤོས་ཤིག་ཏུ་བསྒྱུར་བའི་ཐོག ཐའེ་ཝན་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་ནི་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་འབྲེལ་བ་ཡིན་སྐོར་བསྒྲགས་པ་དང་། ཐའེ་ཝན་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་མི་མང་དང་། རྒྱ་ནག་ཏུ་སྐྱེས་ནས་ཐའེ་ཝན་དུ་འབྱོར་བའི་མི་མང་བར་གྱི་དབྱེ་འབྱེད་མེད་པ་བཟོས་ནས་“ཐའེ་ཝན་ཐུན་མོང་གི་ངོ་བོ་གསར་པ་ཞིག་”བསྐྲུན་པ་སོགས་ཀྱི་མཛད་རྗེས་རླབས་ཆེན་གྲང་ལས་འདས་པ་བཞག་པར་བརྟེན། ཁོང་ལ་“ཐའེ་ཝན་གྱི་མང་གཙོའི་ཡབ་ཆེན་”དང་། “མང་གཙོའི་སྐུ་ཞབས་”ཞེས་པའི་མཚན་སྙན་ཐོབ་པ་མ་ཟད། སྲིད་འཛིན་ལས་ཐོག་ལྕམ་ཚེ་དབྱིང་ཝན་གྱིས་དྲ་ཐོག་ཏུ་སྤེལ་བའི་མྱ་ངན་གསུང་འཕྲིན་ནང་། “ཁོང་འཇིག་རྟེན་འདི་ནས་གཤེགས་ཟིན་ན་ཡང་། ཁོང་གིས་ཐའེ་ཝན་ལ་མང་གཙོ་དང་རང་དབང་བཞག་ཡོད་”ཅེས་གསུངས་འདུག 

གཞན་ཡང་། ཁོང་གིས་རྒྱ་ནག་གི་ངོ་རྒོལ་དང་འཇིགས་སྐུལ་ལ་མ་ལྟོས་པར་ཕྱི་ལོ་༡༩༩༧ ལོར་༧གོང་ས་མཆོག་ཐའེ་ཝན་དུ་གནད་འདྲེན་ཞུས་ནས་མཇལ་འཕྲད་གནང་བ་དེ། ལོ་རྒྱུས་ཐོག་༧གོང་ས་མཆོག་ཐའེ་ཝན་དུ་ཆིབས་སྒྱུར་བཅངས་པ་ཐེངས་དང་པོ་ཆགས་ཡོད་འདུག 

སྐུ་ཞབས་ལི་ཏུན་ཧེ་ནི་ཕྱི་ལོ་༡༩༢༣ ལོར་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་ཉེ་འཁོར་གྱི་ཞིང་གྲོང་ཞིག་ཏུ་སྐྱེས་ཤིང་། ཕྱི་ལོ་༡༩༨༨ ལོར་ཅང་ཅེ་ཧྲི་གྲོངས་རྗེས་ཁོང་གིས་ཅང་ཅེ་ཧྲིའི་གོ་གནས་བཟུང་བ་དང་། དེ་ནས་ཕྱི་ལོ་༡༩༩༦ ལོར་ཁོང་མི་མང་གི་མང་མོས་འོས་ཤོག་བརྒྱུད་དེ་འདེམས་ཐོན་བྱུང་བའི་སྲིད་འཛིན་ཐོག་མ་དེ་ཆགས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།