ཐའེ་ཝན་གྱི་སྲིད་བློན་གྱིས་“ཝུའུ་ཧན་གློ་ཚད་ནད་ཡམས་”ཞེས་པའི་ཚིག་དེ་འགྲིག་ཡོད་ཅེས་བཤད་འདུག
ཕྱི་ལོ་༢༠༡༩ ལོའི་ལོ་སྨད་དུ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་བྱུང་ནས་འཛམ་གླིང་ཀུན་དུ་ཁྱབ་པའི་གློ་ཚད་ཀྱི་ནད་ཡམས་དེར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་“Covid-19” ཞེས་པའི་མིང་ཞིག་བཏགས་པར་བརྟེན། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་ཕལ་ཆེ་བས་དབྱིན་ཇིའི་མིང་དེ་བེད་སྤྱོད་བྱེད་ཀྱི་ཡོད་རུང་། ཐའེ་ཝན་གྱི་ནང་དུ་“ཝུའུ་ཧན་གློ་ཚད་ནད་ཡམས་”སམ་“武漢肺炎”ཞེས་པའི་ཚིག་དེ་བཀོལ་སྤྱོད་བྱེད་ཀྱི་ཡོད་འདུག
ཟླ་འདིའི་ཚེས་༢༣ ཉིན་ཐའེ་ཝན་གྱི་སྲིད་བློན་སུའུ་ཁྲིན་ཁྲེང་(Su Tseng-chang) གིས་བྱིས་བཅོལ་ཁང་ཞིག་གི་དབུ་འབྱེད་མཛད་སྒོ་གནང་བའི་སྐབས། གསར་འགོད་པ་ཚོས་ཁོང་ལ་“ཝུའུ་ཧན་བློ་ཚད་ནད་ཡམས་”ཞེས་པའི་ཚིག་དེ་བཀོལ་བ་ཡིན་ན་རྒྱ་ནག་གི་ཕྱོགས་སུ་སྡང་སེམས་དང་དབྱེ་འབྱེད་ཀྱི་ཚོར་སྣང་སློང་གི་མེད་དམ་ཞེས་དྲིས་པ་ན། ཁོང་གིས་“དེ་རྩ་བ་ཉིད་ནས་བདེན་པ་མ་རེད་”ཅེས་བརྗོད་པ་དང་། ནད་འབུ་དེ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་བྱུང་བ་ཞིག་ཡིན་པས། ཚིག་དེ་འབྱུང་ཡུལ་གྱི་ས་ཆར་གཞི་བཞག་ནས་བཏགས་པ་ཞིག་ཡིན་སྟབས་ཚིག་དེ་འགྲིག་གི་ཡོད་སྐོར་གསུངས་འདུག
ཁོང་གིས་ནད་འབུ་དེ་ལ་དབྱིན་ཡུལ་ནས་རིགས་བརྒྱུད་གསར་པ་སྐྱེ་འཕེལ་བྱུང་བའི་སྐབས། ཐའེ་ཝན་གྱི་ངོས་ནས་དེ་ལ་“དབྱིན་ཇིའི་ནད་འབུ་”ཞེས་བོས་པ་ཡིན་ཞེས་འགྲེལ་བརྗོད་གནང་བ་མ་ཟད། འཇར་མན་གྱི་སིབ་བུ་(German measles) དང་། ཉི་ཧོང་གི་ཀླད་ཚད་(Japanese encephalitis) ལ་སོགས་པའི་ནད་ཡམས་རྣམས་འབྱུང་ཁུངས་ཀྱི་ས་ཆར་གཞི་བཞག་ནས་མིང་བཏགས་པ་གཅིག་མཚུངས་ཆགས་ཡོད་སྐོར་བརྗོད་འདུག
ཁོང་གིས་ད་དུང་“ཝུའུ་ཧན་གློ་ཚད་ནད་ཡམས་”ཞེས་པའི་ཚིག་དེ་ནད་འབུའི་འབྱུང་ཁུངས་ཀྱི་ས་ཆ་འགྲེལ་བརྗོད་བྱེད་པའི་ཆེད་དུ་ཁོ་ན་ཡིན་པ་ལས། དབྱེ་འབྱེད་ཆེད་དུ་གཏན་ནས་མ་ཡིན་པའི་འགྲེལ་བཤད་ནན་མོ་ཡང་གནང་འདུག
བཙན་བྱོལ་བོད་ཀྱི་བོད་ཡིག་ཁོར་ཡུག་ཁྲོད། རྒྱལ་ཁབ་ཁག་གི་མིང་དང་། གྲགས་ཅན་མི་སྣ་ཚོའི་མཚན། རྒྱལ་སྤྱིའི་ཚོགས་པ་རྣམས་ཀྱི་མིང་བྱང་སོགས་ལ་གཅིག་གྱུར་གྱི་མིང་ཞིག་དཀོན་པ་ལྟར། ཝུའུ་ཧན་གྲོང་ཁྱེར་ནས་བྱུང་བའི་ནད་ཡམས་འདི་ལའང་ཡོངས་གྲགས་ཀྱི་མིང་ཞིག་མེད་དེ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ཡིག་ཆའི་ནང་འདི་ལ་“ཏོག་དབྱིབས་གཉན་རིམས་“ཞེས་འབོད་ཀྱི་ཡོད་ན་ཡང་། བོད་ཡིག་གི་གསར་ཁང་དག་གིས་“ཏོག་དབྱིབས་ནད་ཡམས་”ཞེས་པའི་མིང་ཤུགས་ཆེ་བ་བཀོལ་བ་དང་། མི་མང་ཚོའི་ཁྲོད་དུ་“རྒྱ་ནད་”ཅེས་པའི་ཚིག་འདི་བེད་སྤྱོད་མང་པོ་བྱེད་ཀྱི་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།