ཐའེ་ཝན་དུ་ས་ཡོམ་གོད་ཆག་བྱུང་བར་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་ཐུགས་གསོ་ཞུས།

ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༣ གྱི་སྔ་དྲོར་ཐའེ་ཝན་ནང་ས་ཡོམ་གྱི་གོད་ཆག་བྱུང་སྟེ་མི་༩ གྲོངས་པ་དང་མི་༩༠༠ ལྷག་རྨས་ཡོད་པ་དང་། ཁང་བརྩེགས་མང་པོ་ལ་གནོད་སྐྱོན་ཕོག་ཡོད་པས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་དེར་ཐའེ་ཝན་དུ་ས་འགུལ་གྱི་རང་བྱུང་གོད་ཆག་བྱུང་བར་ཐའེ་ཝན་གྱི་སྲིད་འཛིན་ལ་ཕྱག་བྲིས་བསྩལ་ཏེ། རང་བྱུང་གི་གོད་ཆག་འདིའི་ཁྲོད་དུ་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེན་ཕོག་པར་ཐུགས་གསོ་དང་། འདས་གྲོངས་སུ་གྱུར་པ་རྣམས་ལ་སྨོན་ལམ་དང་གནོད་འཚེ་ཕོག་མཁན་ཚོར་སེམས་གསོ་བཅས་གནང་འདུག དེ་བཞིན་ཚེས་༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཐའེ་ཝན་གྱི་སྲིད་འཛིན་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་བ་དང་། དེའི་ནང་དུ་ཟླ་འདིའི་ཕྱི་ཚེས་ ༠༣ ཉིན་གྱི་སྔ་དྲོར་ཐའེ་ཝན་དུ་ས་འགུལ་ཚད་གཞི་ ༧་༢ ཅན་གྱི་རང་བྱུང་གི་གོད་ཆག་བྱུང་བར་ཁོང་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ས་འགུལ་ནང་ཚེ་སྲོག་ཤོར་མཁན་ཚོའི་ནང་མི་ལྟོས་བཅས་ཡོངས་ལ་སེམས་གསོ། གོད་ཆག་འཕོག་ཡུལ་དུ་དགོས་ངེས་ངལ་སེལ་རོགས་སྐྱོར་གནང་མཁན་རྣམས་ལ་བསྔགས་བརྗོད།
གནོད་སྐྱོན་འཕོག་མཁན་རྣམས་མགྱོགས་ནས་མྱུར་དུ་དྲག་བསྐྱེད་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན་པ་སོགས་གསུངས་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།