ཐའེ་ཝན་ནང་༢༠༢༤ ལོའི་བོད་རང་དབང་གི་ཆེད་དུ་རྐང་འཁོར་བསྐོར་བསྐྱོད་དབུ་འཛུགས་གནང་འདུག

འདས་པའི་ལོ་མང་པོའི་གོང་ནས་ཐའེ་ཝན་ནང་ལོ་ལྟར་རྐང་འཁོར་སྐོར་བསྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་གྱི་ཡོད་པ་བཞིན། ཟླ་འདིའི་ཚེས་༡༤ ཉིན་ཐའེ་ཝན་ནང་བོད་དོན་དྲིལ་བསྒྲགས་ཀྱི་ཆེད་དུ་རྐང་འཁོར་བསྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་འདུག ཕྱི་ཚེས་༡༤ ་ཉིན་ཐའེ་ཝན་གྱི་རྒྱལ་ས་(Taipei ) ནང་བོད་དང་ཐའེ་ཝན་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་གཏུགས་ཚོགས་པའི་(The Human Rights Network for Tibet and Taiwan) ་གོ་སྒྲིག་འོག་རྐང་འཁོར་བསྐོར་བསྐྱོད་ལས་འགུལ་དེ་སྤེལ་འགོ་བཙུགས་ཡོད་འདུག

རྐང་འཁོར་བསྐོར་བསྐྱོད་དེའི་དམིགས་ཡུལ་ནི་བོད་དོན་དྲིལ་བསྒྲགས་དང་། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པར་ངོ་རྒོལ་སོགས་ཀྱི་ཆེད་དུ་ཡིན་འདུག ལས་འགུལ་གོ་སྒྲིག་པ་བཀྲ་ཤིས་ཚེ་རིང་གིས་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་ནས་ལོ་ངོ་༦༥ ་འཁོར་གྱི་ཡོད་པ་དང་། ༧གོང་ས་མཆོག་གཙོས་བོད་མི་མང་པོ་རྒྱ་གར་ལ་བཙན་བྱོལ་དུ་བསླེབས་པ་སོགས་བོད་མིའི་རང་དབང་འཐབ་རྩོད་ཀྱི་སྐོར་ལ་གོ་རྟོགས་སྤེལ་ཆེད་རྐང་འཁོར་བསྐོར་བསྐྱོད་ཀྱི་ལས་འགུལ་འདི་སྤེལ་བཞིན་ཡོད་ཅེས་དང་། ཁོང་གིས་མུ་མཐུད་དུ་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་དང་། ༧གོང་ས་མཆོག་གི་ཡང་སྲིད་སོགས་ལ་སྟངས་འཛིན་བྱེད་ཐབས་བྱེད་བཞིན་ཡོད་པ་དག་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

སྐབས་དེར་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་(Puma Shen)དང་(Sky Fung) ་ཟེར་བ་གཉིས་དང་། ཕྱིར་གནས་པའི་ཧོང་ཀོང་ཚོགས་པའི་དྲུང་ཆེ་སོགས་ཀྱིས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། བོད་མིའི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་ཡོད་སོགས་ཀྱི་གསུངས་བཤད་གནང་ཡོད་འདུག ཐེངས་འདིའི་རྐང་འཁོར་བསྐོར་བསྐྱོད་ཀྱི་ལས་འགུལ་ནང་ཚོགས་པ་འདྲ་མིན་མང་པོ་ནས་འཛུལ་ཞུགས་བྱེད་མཁན་དུ་མ་བྱུང་ཡོད་འདུག་པ་དང་། དྲིལ་བསྒྲགས་དེའི་བརྒྱུད་ནས་མི་མང་ཁྲོད་དུ་བོད་དོན་དོ་སྣང་སླེབ་ཐབས་ལ་ཕན་རླབས་ཆེན་པོ་བྱུང་ཡོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།