ད་དུང་ལོ་བཅུ་བཅོ་ལྔའི་རིང་སྟོན་པའི་ཞབས་འདེགས་ཧུར་ཐག་གིས་སྒྲུབ་ཀྱི་ཡིན་ཞེས་གསུངས།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་གཙོས་པའི་ཕྱོགས་གང་སར་ནས་ཕེབས་པའི་ཆོས་ཞུ་བ་སེར་སྐྱ་མང་པོ་ཞིག་ལ། ཉིན་གཉིས་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་འཇུག་པ་དང་དེའི་རང་འགྲེལ་གྱི་བཀའ་ཆོས་འདས་ལོའི་འཕྲོ་དེ་གནང་ཡོད་པ་ལྟར། དེ་རིང་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་བསྩལ་ཏེ་བཀའ་ཆོས་གྲུབ་ཡོད་པ་རེད།
ཕྱི་ཟླ་༩ པའི་ཚེས་༦ ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཞབས་སོར་འཁོད་ཅིང་ཆོས་ཀྱི་ཁྲིར་བཞུགས་སུ་གསོལ་མཚམས། པཱ་ལིའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་དང་སེར་སྐྱ་མི་མང་དང་། ཝའེ་ཐེ་ནམ་གྱི་དགེ་འདུན་པ་དང་བཙུན་མ་གཙོས་སེར་སྐྱ་མི་མང་། དེ་བཞིན་བོད་རིགས་གྲྭ་བཙུན་སྔགས་གསུམ་གཙོས་སེར་སྐྱ་རྣམས་ཀྱིས་རང་རང་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་སོགས་གསུང་འདོན་གནང་ཡོད་པ་དང་། གསོལ་ཇའི་བར་གསེང་གི་མཚམས་སུ་མགོན་པོ་གང་གིས་ན་ནིང་གནས་མཆོག་རྡོར་གདན་དུ་ཁོང་ཉིད་ཀྱི་དག་སྣང་གི་སྐོར་ལས་འཕྲོས་ཏེ་བཀའ་སློབ་བསྩལ་དོན། དེ་རིང་འདིར་ང་ཚོ་ཚང་མ་ནང་ཚགས་རེད། ངོས་ཀྱིས་དག་སྣང་གི་ལོ་རྒྱུས་ཤིག་བཤད་འདོད་བྱུང་། ན་ནིང་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིའི་ཆེད་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་བླ་ཆེན་དབུ་ཁྲིད་མང་པོ་མཉམ་དུ་འཚོགས་པ་རེད། དེ་དུས་ངོས་ཀྱི་སྣང་བ་ལ་ཡར་ཐོག་མཚམས་སུ་སངས་རྒྱས་བཅོམ་ལྡན་འདས་བཞུགས་འདུག་པ་ཧ་ཅང་གསལ་བོ་བྱུང་བ་དང་། བཅོམ་ལྡན་འདས་ཀྱིས་ངོས་རང་ཡར་ཤོག་གསུངས་སོང་། ངོས་རང་ཧ་ཅང་དགའ་བོ་བྱུང་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་པ་ཡིན། བཅོམ་ལྡན་འདས་ཀྱི་མཐའ་སྐོར་དུ་བྱེ་རིལ་ཁ་ཤས་ཤིག་འདུག་པ་དང་། དེའི་ནང་ནས་ངོས་ལ་ཅོག་ལེ་ཊི་(chocolate)གཅིག་གསོལ་རས་སུ་གནང་ནས་ཧ་ཅང་བྱམས་པོ་གནང་བྱུང་། དེ་རྨི་ལམ་མ་རེད། དེ་ལྟ་བུའི་དག་པའི་སྣང་བ་ཧ་ཅང་གསལ་བོ་བྱུང་། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཞིག་རེད། ལུང་གི་བསྟན་པ་ལ་ཐོས་བསམ་བྱས་པ་དང་། རྟོགས་པའི་བསྟན་པ་ཉམས་སུ་བླངས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་གང་ལ་གང་འཚམ་གྱིས་ཉམས་མྱོང་ཡོད་པས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཐུགས་དགྱེས་པོ་བྱས་ཏེ་ངོས་ལ་ཧ་ཅང་བྱམས་པོ་གནང་བྱུང་། དེ་ལྟ་བུའི་སྣང་བ་ཧ་ཅང་གསལ་བོ་བྱུང་བས་སེམས་ལ་སྤོབས་པ་ལྟ་བུ་ཞིག་སླེབས་ནས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་བྱིན་རླབས་ཀྱིས་སྐྱབས་འདུག་བསམ་པའི་ཚོར་བ་ཧ་ཅང་ཤུགས་ཆེན་པོ་བྱུང་། དུས་ད་ལྟའི་བར་དུ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་གིས་ལུང་དང་རྟོགས་པའི་བདག་ཉིད་ཀྱི་སྟོན་པའི་ཆོས་ལ་འདི་ཉམས་ལེན་དང་། མི་ལ་བཤད་དེ་གང་ལ་གང་འཚམ་གྱིས་ཕན་ཐོགས་བྱེད་ཐུབ་པ་བྱུང་།   དུས་ད་ལྟའི་བར་དུ་འཛམ་གླིང་གང་སའི་ནང་པའི་ལུང་པ་ནས་ཁྱོད་ཚོ་ཕེབས་ཀྱི་ཡོད་པ་རེད། ངོས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཇི་མ་ཇི་བཞིན་ལུང་གི་ཆོས་འཆད་ཉན་བྱེད་པ་དང་། རྟོགས་པའི་བསྟན་པ་བསླབ་པ་གསུམ་པོ་རང་ཉིད་ཀྱིས་ཉམས་སུ་བླངས་ནས་མི་ལ་དགེ་ཚུལ་སློང་གི་སྡོམ་པ་འབོག་རྒྱུས་མཚོན་པའི་གང་ཐུབ་ཅི་ཐུབ་བྱེད་བཞིན་པ་དེ་ལྟར་ཡིན། སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་འདི་ཙམ་ཕྱིན་ཀྱང་། སྟོན་པའི་ལུང་རྟོགས་ཀྱི་བསྟན་པ་སོས་པ་ལྟ་བུ་ཆགས་ཡོང་གི་འདུག ངོས་རང་གིས་སྟོན་པའི་ཞབས་འདེགས་བསམ་པ་རྣམ་དག་གིས་སྒྲུབ་པ་ཡིན། ངོས་རང་ད་དུང་ལོ་བརྒྱ་དང་བཅུ་གྲངས་སྡོད་ཐུབ་པའི་རྨི་ལམ་གྱི་སྣང་བ་ཧ་ཅང་གསལ་བོ་ཡོང་གི་འདུག དེར་བརྟེན། ད་ལྟ་ལོ་བརྒྱད་ཅུ་གྱ་བརྒྱད་ལ་སླེབས་ཡོད། ད་དུང་ལོ་བཅུ་བཅོ་ལྔའི་རིང་སྟོན་པའི་ཞབས་འདེགས་ཧུར་ཐག་གིས་སྒྲུབ་ཀྱི་ཡིན་ལ་སྒྲུབ་ཐུབ་ཀྱི་ཡོད་པ་ལྟ་བུ་འདུག ཁྱོད་ཚོ་ཚང་མ་བློ་བདེ་བོར་བཞུགས་རོགས།ཞེས་གསུངས། དེ་བཞིན་སངས་རྒྱས་ཀྱི་བསྟན་པ་ཟེར་བ་གང་དུ་ཡོད་མེད་དང་སྡེ་སྣོད་གསུམ་ཉམས་ལེན་གལ་ཆེ་ཚུལ་དང་དེའི་ཕན་འབྲས་ཀྱི་སྐོར་གསུངས་དོན།
སངས་རྒྱས་ཀྱི་བསྟན་པ་ཟེར་བ་ནི་སོ་སོའི་རྒྱུད་དུ་སྐྱེས་དགོས་པ་ལས་ལྷ་ཁང་ནང་དུ་མེད། ལྷ་ཁང་རྫིག་པོ་ཡོད་པ་ཞིག་གིས་ཕན་གྱི་མེད། ང་ཚོས་བསླབ་པ་གསུམ་གྱི་ཉམས་ལེན་ཡག་པོ་བྱས། དེ་ལ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་ཡག་པོ་བྱས་ཏེ་རང་རྒྱུད་ལ་བཅོམ་ལྡན་འདས་ཀྱི་ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་འདི་སོས་པ་ཞིག་ལག་ལེན་ཐོག་ནས་བསྐྱེལ་ཐུབ་ན་དེ་ནི་རྒྱལ་བ་དགྱེས་པའི་སྒྲུབ་པའི་མཆོད་པ་རེད། ངོས་ལ་མཚོན་ན་ཕ་ཡུལ་ས་ཐག་རིང་པོ་ནས་སྐྱེས་ཤིང་། ༸རྒྱལ་དབང་གི་མིང་ཐོགས་པའི་ཐོག་ནས་ཆུང་ཆུང་སྐབས་ནས་ཆོས་ལ་སློབ་སྦྱོང་བྱས་པ་རེད། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་ཧུར་ཐག་འབད་ཐག་བྱས་པ་ཡིན། ད་དུང་འབྱུང་འགྱུར་ཡང་ལོ་བཅུ་ཕྲག་ཁ་ཤས་ལ་སྟོན་པའི་ཞབས་འདེགས་སྒྲུབ་ཐུབ་པར་འཕེན་པ་གཏོང་གི་ཡོད་ལ་ཁྱོད་ཚོས་ཀྱང་སྨོན་ལམ་སྐྱོན་ཤོག
ཅེས་གསུངས། ཐེངས་འདིར་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཉིན་གྲངས་གཉིས་རིང་འཇུག་པ་རང་འགྲེལ་གྱི་སེམས་སྐྱེད་གཉིས་པ་ནས་བཞི་པར་བཤད་ལུང་གནང་གྲུབ་རྗེེས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་བསྩལ་ཏེ། ལྷོ་ཤར་ཨེ་ཤེ་ཡ་གཙོས་པའི་དད་ལྡན་ཆོས་ཞུ་བ་སེར་སྐྱ་ཡོངས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་གནང་གྲུབ་ཡོད་པ་རེད།

 གསར་འགོད་པ་བསྟན་འཛིན་ལམ་བཟང།