ད་ལྟ་རྒྱ་བལ་ནང་བོད་མི་ཏོག་དབྱིབས་ནད་པ་མི་གྲངས་༡༥༢ ཡོད་འདུག
ད་བར་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བསྡོམས་རྒྱ་ནད་ཏོག་དབྱིབས་ན་ཚ་ཕོག་པ་བོད་མི་གྲངས་༢༦༠ བྱུང་བ་ར་ཕྲོད་བྱུང་ཞིང་། མི་གྲངས་༦ འདས་གྲོངས་ཕྱིན་པ་དང་། མི་གྲངས་༡༠༢ དྲག་སྐྱེད་བྱུང་ཡོད་པ་ཅིང་། ད་ཆ་མི་གྲངས་ ༡༥༢ ནད་མནར་བཞིན་ཡོད་འདུག
ཟླ་འདིའི་ཚེས་༡༥ ཉིན་བོད་མིའི་སྒྲིག་འཛུགས་དྲ་གནས་ཐོག བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་COVID-19 ལས་དོན་ཚོགས་ཆུང་གིས་སྤེལ་བའི་གནས་ཚུལ་ནང་འཁོད་པ་ལྟར་ན། འདས་པའི་བདུན་ཕྲག་ཅིག་གི་ནང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༡༡༣ བྱུང་བ་དང་། སྦེལ་ཀོབ་གཞིས་ཆགས་ནས་མི་གྲངས་༤ སྦེང་ལོར་ནས་མི་གྲངས་༡ མོན་གྷོ་འདོད་རྒུ་གཞིས་ཆགས་ནས་མི་གྲངས་༣༡ ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ནས་མི་གྲངས་༦༠ བྷན་ད་ར་བོད་མིའི་གཞིས་ཆགས་ནས་མི་གྲངས་༣ མན་ཌིའི་རྫོང་ཁོངས་མཚོ་པད་མ་ནས་མི་གྲངས་༡ སྒང་ཏོག་ཁུལ་ནས་བོད་མི་གྲངས་༡༡ རྒྱ་གར་རྒྱལ་ས་ལྡི་ལི་བསམ་ཡས་གླིང་ཁུལ་ནས་མི་གྲངས་༢ བཅས་མི་གྲངས་༡༡༣ བྱུང་བ་ནང་ནས་མི་གྲངས་༥ ནད་རྟགས་ཅུང་ཡོད་པའི་ནང་མི་གཅིག་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ལྷག་མ་རྣམས་ལ་ནད་རྟགས་དམིགས་བསལ་མེད་འདུག
ནད་གཞི་ཕོག་པ་མང་ཆེ་བ་རང་ཁྱིམ་དང་ཚོགས་སྡེའི་ཟུར་འཇོག་ཁང་དུ་ཟུར་བཀག་བྱས་ཡོད་པ་དང་། འགའ་ཤས་བོད་མིའི་སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་ཀོ་ཝིཌ་གཅེས་སྐྱོང་ཁང་དུ་གསོ་བཅོས་གནང་བཞིན་ཡོད་པ་དང་། མི་ཁ་ཤས་རྒྱ་གར་ས་གནས་རྫོང་གི་སྨན་ཁང་ནང་གསོ་བཅོས་བྱེད་བཞིན་ཡོད། འདས་པའི་བདུན་ཕྲག་ནང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁུལ་ནས་བུད་མེད་རང་ལོ་༨༣ སོན་པ་ཞིག་འདས་གྲོངས་ཕྱིན་ཡོད་པ་དང་། ད་བར་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བོད་མི་གྲངས་༢༦༠ ལ་ནད་གཞི་ཕོག་པ་ར་ཕྲོད་བྱུང་ཞིང་མི་གྲངས་༦ འདས་གྲོངས་ཕྱིན། མི་གྲངས་༡༠༢ དྲག་སྐྱེད་བྱུང་ཡོད་པ་ཅིང་། ད་ཆ་མི་གྲངས་༡༥༢ ནད་མནར་བཞིན་ཡོད་འདུག ད་ཆ་མི་གྲངས་༡༥༢ དེ་སྦེལ་ཀོབ་ལུགས་བསམ་ནང་མི་གྲངས་༨ བདེ་སླར་གཞིས་ཆགས་ནང་མི་གྲངས་༡ མོན་གྷོ་གཞིས་ཆགས་ནང་མི་གྲངས་༣༩ ལ་དྭགས་བསོད་ནམས་གླིང་ནང་མི་གྲངས་༨༥ བྷན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་མི་གྲངས་༣ མཚོ་པད་མ་ཁུལ་ནས་མི་གྲངས་༡ ལྡི་ལི་བསམ་ཡས་གླིང་ནང་མི་གྲངས་༢ མེན་པཌ་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ནང་མི་གྲངས་༡ སྦེང་ལོར་ཁུལ་ནས་མི་གྲངས་༡ བཅས་མི་གྲངས་ ༡༥༢ ནད་མནར་བཞིན་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།