ད་ལྟའི་ཆར་ཐའེ་ཝན་ནང་རྒྱ་ནག་ལ་ཡིད་ཆེས་བྱེད་མཁན་མི་མང་བརྒྱ་ཆ་༩% མ་གཏོགས་མི་འདུག

ཟླ་འདིའི་ཚེས་༢༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་(Lai Ching-te) ཡིས་ཨ་རིའི་ནང་བཅའ་སྡོད་ཐའེ་ཝན་གྱི་གཞུང་ཚབ་པ་ཟུར་པ་ཞིག་ཁོང་གི་འོས་བསྡུའི་རོགས་པ་དང་སྲིད་འཛིན་གཞོན་པའི་འོས་མི་ལ་མིང་འདོན་གནང་ཡོད་པ་དང་། ད་ལྟའི་ཆར་ཐའེ་ཝན་ནང་རྒྱ་ནག་ལ་ཡིད་ཆེས་བྱེད་མཁན་མི་མང་བརྒྱ་ཆ་༩% མ་གཏོགས་མེད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག

ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་(Lai Ching-te) ནི་ད་ལྟ་ཐའེ་ཝན་གྱི་ལས་ཐོག་སྲིད་འཛིན་གཞོན་པ་ཡིན་པ་དང་། ཐའེ་ཝན་མི་མང་གི་བསམ་ཚུལ་བསྡུ་ལེན་གྱི་གྲངས་ཐོ་ལྟར་ན། ཁོང་ནི་སྲིད་འཛིན་འོས་མིའི་ཁྲོད་ཀྱི་རེ་བ་ཆེ་ཤོས་དེ་ཆགས་ཡོད་འདུག

ཟླ་འདིའི་ཚེས་༢༠ ཉིན་ཁོང་གིས་ཨ་རིའི་ནང་བཅའ་སྡོད་ཐའེ་ཝན་གྱི་གཞུང་ཚབ་པ་ཟུར་པ་ (Hsiao Bi-khim) ་ནི་ཁོང་གི་འོས་བསྡུའི་རོགས་པ་དང་སྲིད་འཛིན་གཞོན་པའི་འོས་མིར་མིང་འདོན་གནང་ཡོད་འདུག ལོ་ན་༥༢ ལ་སོན་པའི་(Hsiao Bi-khim) ་ཡིས་ཕྱི་ལོ་༢༠༢༠ ནས་བཟུང་ཨ་རིའི་ནང་ཐའེ་ཝན་གྱི་གཞུང་ཚབ་པའི་ལས་ཀ་བྱས་ཡོད་པ་དང་། མོ་ནི་ཨ་རིའི་གཞུང་དང་འབྲེལ་ལམ་བཟང་པོ་ཡོད་མཁན་ཞིག་ཆགས་ཡོད་པ་མ་ཟད། ཐའེ་ཝན་གྱི་སྲིད་འཛིན་གཞོན་པ་དང་མཚུངས་པར་ཐའེ་ཝན་གྱི་རང་དབང་དང་དམངས་གཙོ་སྲུང་སྐྱོབ་བྱེད་མཁན་ཞིག་ཀྱང་ཆགས་ཡོད་འདུག་པས། ཉེ་བའི་ལོ་ཤས་ནང་རྒྱ་གཞུང་གིས་མོ་ནི་ཀླད་རྙིང་མཁྲེགས་འཛིན་ཅན་དང་ཁ་བྲལ་རིང་ལུགས་པ་ཞིག་ལ་བརྩིས་ནས་ཁོང་མོར་དཔལ་འབྱོར་ཉེས་ཆད་ཐེངས་གཉིས་བཅད་མྱོང་ཡོད་འདུག

ཉེ་བའི་ཆར་ཐེ་ཝན་གྱི་མི་མང་ཁྲོད་རྒྱ་ནག་ལ་ཡིད་ཆེས་ཡོད་མེད་ཀྱི་ཐོག་བསམ་ཤོག་བསྡུ་ལེན་ཞིག་བྱས་ཡོད་པའི་ནང་། རྒྱ་ནག་ལ་ཡིད་ཆེས་བྱེད་མཁན་ཐའེ་ཝན་མི་མང་བརྒྱ་ཆ་༩.༣% མ་གཏོགས་མེད་ཅིང། ཐའེ་ཝན་མི་མང་བརྒྱ་ཆ་༨༢.༧% ཡིས་ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་འཇིགས་སྐུལ་བྱེད་ཤུགས་ཆེ་རུ་ཕྱིན་པར་ཡིད་ཆེས་བྱེད་བཞིན་ཡོད་འདུག

དེ་བཞིན་བསམ་ཤོག་བསྡུ་ལེན་ཁྲོད་ཐའེ་ཝན་མི་མང་བརྒྱ་ཆ་༣༤.༠༣% ཡིས་ཨ་རི་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་ལོ་སྔོན་མ་དང་བསྡུར་ན། ཐའེ་ཝན་ནང་ཨ་རི་ལ་ཡིད་ཆེས་བྱེད་མཁན་ཉུང་དུ་ཕྱིན་ཡོད་འདུག་ལ། ཉུང་དུ་ཕྱིན་དོན་ཡང་ཨ་རིས་ཡུག་རེན་གྱི་དམག་ལ་རོགས་རམ་བྱེད་ཕྱོགས་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགོད་པ་བློ་བཟང་རྒྱ་མཚོ།