དཀར་མཛེས་ས་ཁུལ་བྲག་མགོ་རྫོང་གི་ནང་ཡང་བསྐྱར་མཆོད་རྟེན་བརྒྱ་ཕྲག་ལྷག་དང་གུ་རུའི་སྐུ་བརྙན་གཏོར་རྗེས་དམ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་པར།

རྒྱ་ནག་གིས་བོད་ནང་ཁམས་བྲག་མགོ་རྫོང་གི་ནང་འཇང་སྒང་དགོན་པའི་ཉེ་འཁྲིས་སུ་ལུང་རབ་བཟང་རིའི་སར་བོད་བརྒྱུད་ནང་བསྟན་གྱི་མཆོད་རྟེན་འབྲིང་བ་བརྒྱ་ཕྲག་མང་པོ་དང་། དེ་མིན་མཆོད་རྟེན་ཆེ་བ་གསུམ་དང་གུ་རུའི་སྐུ་བཅས་རྒྱ་ནག་གཞུང་གིས་རྩ་གཏོར་བཏང་ཡོད་འདུག་ལ། དེ་རྗེས་གནས་ཚུལ་དེ་ཕྱིར་བསྒྲགས་མི་བྱེད་ཆེད་མི་མང་ཐོག་དམ་དྲག་ཆེན་པོ་བྱེད་ཞིན་ཡོད་འདུག

ཕྱི་ཚེས་༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཟླ་བ་སྔོན་མར་རྒྱ་ནག་གཞུང་གིས་དཀར་མཛེས་ས་ཁུལ་བྲག་མགོ་རྫོང་གི་འཇང་སྒང་དགོན་པའི་ཉེ་འཁྲིས་སུ་ལུང་རབ་བཟང་རིའི་སར་བོད་བརྒྱུད་ནང་བསྟན་གྱི་མཆོད་རྟེན་འབྲིང་བ་བརྒྱ་ཕྲག་མང་པོ་དང་། དེ་མིན་མཆོད་རྟེན་ཆེ་བ་གསུམ་དང་གུ་རུའི་སྐུ་བཅས་རྒྱ་ནག་གཞུང་གིས་རྩ་གཏོར་བཏང་རྗེས་ཕྱོགས་གང་ས་ནས་གནས་ཚུལ་ཕྱིར་མ་ཁྱབ་པའི་དམ་བསྒྲགས་ཤུགས་ཆེར་བྱེད་ཀྱི་ཡོད་པ་བོད་ནང་ནས་འགྲེལ་བརྗོད་གནང་ཡོད་འདུག དེའི་སྐོར་གྱི་གནས་ཚུལ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་ཙམ་གྱིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱེད་ཀྱི་ཡོད་ལ། ཁ་སང་དེ་རིང་རྒྱ་གཞུང་གིས་མཆོད་རྟེན་གཏོར་སའི་ས་ཕྱོགས་གང་ས་ནས་དམ་བསྒྲགས་བྱས་ཏེ་མི་གཅིག་ཀྱང་གཏོང་གི་མེད་པ་དང་། རྒྱ་ནག་གཞུང་གིས་མཆོད་རྟེན་ཆགས་ས་ནི་གཞུང་གི་ས་ཡིན་པར་ཤོད་ཀྱི་ཡོད་འདུག མཆོད་རྟེན་ཡོད་སར་མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱི་འདྲ་སྐུ་གསར་བཞེངས་གཅིག་དང་། གུ་རུའི་སྐུ་བརྙན་ཞིག་གཏོར་ནས་སྐུ་རྒྱབ་གཤགས་ཡོད་འདུག་པས། དེའི་ཁུལ་གྱི་བོད་མི་ཡོངས་ཀྱི་སེམས་ལ་རྨ་ཁ་ཆེན་པོ་བཟོས་ཡོད་འདུག མཆོད་རྟེན་གྱི་རྡོ་རྩིག་རྣམས་ས་ལ་སྦས་ཏེ་ཤུལ་ཐམས་ཅད་མེད་པ་བཟོ་ཚར་ཡོད་འདུག་ལ། བོད་ནང་རིག་གནས་གསར་བརྗེ་གཉིས་པ་དངོས་སུ་ཚུགས་པ་བཞིན་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་ཀྱི་རིག་གཞུང་རྩ་མེད་བཟོ་རྒྱུའི་ཁ་ཕྱོགས་དམིགས་ཡུལ་ངེས་ཅན་དུ་བཟུང་ཡོད།
དེ་བཞིན་ཕྱི་ལོ་༢༠༢༤ ཟླ་བ་ ༡༢ ཚེས་༡ ཉིན་རྒྱལ་ཁབ་ཆོས་ལུགས་ལས་ཁུངས་ཀྱི་བཀའ་རྒྱ་ཨང་༢༢ ཁྱབ་བསྒྲགས་བྱས་པའི་ནང་དགོན་སྡེ་ཡོངས་རྫོགས་སྔར་ལྷག་དམ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་འདུག་ལ། སྲིད་གཞུང་གིས་ཕྱི་ལོ་༢༠༢༥ ཟླ་བ་༡ ཚེས་༡ ནས་དགོན་སྡེ་དོ་དམ་སྲོལ་ཡིག་ཟེར་བ་དོན་ཚན་༤༣ ཅན་གྱི་ནང་དགོན་པའི་ལས་དོན་ཡོངས་སུ་རྫོགས་པ་ཆོས་ལུགས་ལས་ཁུངས་ཀྱི་སྟངས་འཛིན་འོག་འགྲོ་དགོས་ཀྱི་ཡོད་པར་བཤད་འདུག རྒྱ་ནག་གཞུང་གིས་སློབ་གསོའི་ཁ་ཕྱོགས་ལ་མ་བརྟེན་ཚེ་བོད་ཀྱི་བླ་མ་བླ་ཆེན་དང་། ཤེས་ཡོན་ཅན། མཁས་པ་མང་པོ་ལ། རྒྱལ་ཁབ་ཀྱི་ཁྲིམས་ཟེར་བ་གང་བྱུང་དུ་བེད་སྤྱོད་ལོག་པ་བཏང་ནས་ཁ་བྲལ་རིང་ལུགས་པའི་ཉེས་པ་བཅད་དེ་བཙོན་ཁང་དུ་བཅུག་པ་དང་ཡང་ན་སྤྱི་ཚོགས་ཐོག་ནུས་མེད་བཟོ་གང་ཐུབ་བྱེད་ཀྱི་ཡོད་འདུག། ཐབས་སྡུག་ས་ནས་བཤད་ན་ལྐོག་གསོད་བཏང་བ་ཡང་བྱུང་ཡོད། མཐོང་ཆོས་སུ་སྔ་ལོ་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་མགོ་ལོག་ས་ཁུལ་ལུང་སྔོན་དགོན་པར་གདན་ཞུའི་སྐབས་སུ། སྤྲུལ་སྐུ་ཧཱུྂ་ཀར་རྡོ་རྗེ་ལ་རྒྱ་ནག་གཞུང་གི་སློབ་གསོའི་ཁ་ཕྱོགས་འགྲོ་ཐུབ་ཀྱི་མེད་པ་བཤད་དེ། ལུང་སྔོན་དགོན་པར་གནས་མ་ཐུབ་པར་ཕྱིར་ཝི་ཏི་ནཱམ་དུ་ཉེན་གཡོལ་ཕྱིན་པ་རྒྱ་ནག་གཞུང་གིས་ཤེས་རྗེས། ཕྱི་ལོ་༢༠༢༥ ཟླ་བ་༣ ཚེས་ ༢༨ ཉིན་སྐུ་བཀྲོངས་པའི་གནས་ཚུལ་ཐོན། ད་ཆ་བོད་ནང་བླ་མ་སུ་རུང་རང་དབང་ངང་ཆོས་འབྲེལ་ཆོག་གི་མེད་པ་བོད་བརྒྱུད་ནང་བསྟན་དགོན་སྡེ་དོ་དམ་སྲོལ་ཡིག་ནང་གསལ། བླ་མ་ཁག་ཅིག་བཟང་བཙོན་ལྟ་བུར་བཞུགས་དགོས་ཀྱི་ཡོད། ཟླ་དྲུག་པའི་ནང་དཀར་མཛེས་ས་ཁུལ་བྲག་མགོའི་གནས་ཚུལ་དང་འབྲེལ་ཁུལ་དེར་དམ་བསྒྲགས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་འདུག།
ཟླ་བ་བདུན་པའི་ནང་༸གོང་ས་མཆོག་གི་གོ་སྟོན་འཛམ་གླིང་གང་སར་སྲུང་བརྩི་གནང་གི་ཡོད་སྟབས། དཀར་མཛེས་ཁུལ་དུ་ཟླ་བ་འདིའི་ཚེས་༢༣ བར་མི་ཚོགས་འཛོམས་ཆོག་གི་མེད་པའི་བཀའ་རྒྱ་བཏང་ཡོད་འདུག། ཡང་འཇང་སྒང་དགོན་པའི་མཁན་པོ་བསྟན་དགའ་ལགས་ཁ་ལུང་རབ་བཟང་རི་ཁྲོད་དུ་མཆོད་རྟེན་དང་། གུ་རུའི་སྐུ། མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱི་འདྲ་སྐུ་བཞེངས་པ་སོགས་ལ་འབྲེལ་བ་ཡོད་པར་སོང་། ད་ལྟ་མཁན་པོ་མཆོག་གི་འགྲོ་འདུག་ལ་དམ་བསྒྲགས་བྱེད་ཀྱི་ཡོད་འདུག་ལ། དེ་བཞིན་མཚོ་སྔོན་ཕྱོགས་ཀྱི་དགོན་སྡེ་གྲྭ་ཚང་ཁག་ལ་༸རྒྱལ་བའི་གོ་སྟོན་རིང་དགོན་པའི་གྲྭ་བ་ལྔ་ལྷག་མཉམ་དུ་འགྲོ་ཆོག་གི་མེད་པའི་དམ་བསྒྲགས་བྱས་པ་ཡང་བྱུང་འདུག ཕྱི་ལོ་༢༠༢༡ ཟླ་བ་༡༡ ནང་ཁམས་བྲག་མགོ་རྫོང་གི་དམར་ཤོག་དྲུང་ཆེ་ཝང་ཏུང་ཧྲིན་ཟེར་བའི་བཀོད་འདོམ་འོག་ཁམས་དཀར་མཛེས་ཁུལ་ཏྲེ་ཧོར་བྲག་མགོ་རྫོང་ཐོག་ཏུ་ཡོད་པའི་བྲག་མགོ་དགའ་ལྡན་རྣམ་རྒྱལ་གླིང་དགོན་པའི་སློབ་གྲྭ་སྒོ་རྒྱག་བཅུག་པ་དང་། ཕྱི་ཟླ་༡༢ ཚེས་༡༢ ནས་བཟུང་དགོན་པའི་ཉེ་འཁྲིས་ཀྱི་སྐུ་བརྙན་ཆེན་པོ་གཉིས་དང་། མ་ཎི་དུང་འཁོར་༤༥ ཡས་མས་གཏོར་བཤིག་བཏང་བའི་གནས་ཚུང་བྱུང་ཡོད། ད་ལོ་ཡང་བསྐྱར་བྲག་མགོ་འཇང་སྒང་ཁ་ལུང་རབ་བཟང་རི་ཁྲོད་སར་བོད་བརྒྱུད་ནང་བསྟན་མཆོད་རྟེན་བརྒྱ་ཕྲག་ལྷག་དང་གུ་རུའི་སྐུ་བརྙན་རྩ་གཏོར་བཏང་སྐོར། བོད་མིའི་སྒྲིག་འཛུགས་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་བྱུང་འདུག་པ་དང་། ད་ལྟའི་ཆར་གནས་ཚུལ་མང་པོ་ཁ་གསལ་མ་ཐུབ་པའི་དཀའ་ངལ་ཡོད་པ་རེད།

གསར་འགོད་པ། བསོད་ནམས་ཕུན་ཚོགས།