དགེ་འདུན་གྲུབ་ཀྱི་དགུང་ལོའི་ཚད་ལ་སླེབས་ཡོད་པས་ལྷོད་ལྷོད་འདུག་རྒྱུ་གལ་ཆེན་པོ་འདུག
ཟླ་འདིའི་ཚེས་༢༧ ཉིན་གྱི་སྔ་དྲོ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། ཤེས་རིག་ལས་ཁུངས་དང་རྒྱལ་རོང་བ། བོད་ཀྱི་བལ་གོས་ཚོང་ལས་ཚོགས་པ། སྨན་པ་སྐལ་བཟང་དོན་ལྡན་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། ༧གོང་ས་མཆོག་གིས་“དེ་རིང་བརྟན་བཞུགས་ཕུལ་རེད་ལ། ཆོ་ག་ཡག་པོ་ཞེ་དྲག་རེད། ཁྱེད་རང་ཚོ་དད་པ་དམ་ཚིག་གཡོ་བ་མེད་པ་རེད། བླ་མའི་ཚེ་བརྟན་རྒྱུར་འབྲེལ་བ་ཏན་ཏན་ཡོད་པ་རེད་”ཅེས་བཀའ་སློབ་གནང་།
བརྟན་བཞུགས་སྐབས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་མཎྜལ་ལྗགས་བཤད་གནང་བ་དང་སྦྲགས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གཙོས་བརྟན་བཞུགས་འབུལ་མཁན་གྱི་སྐུ་ཚབ་རྣམས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། རྒྱལ་རོང་བའི་ཕུལ་བའི་སྙན་ཞུའི་ནང་རྒྱ་ནག་གི་དབང་བསྒྱུར་འོག་ནས་དཀའ་ངལ་སྐོར་དང་༧གོང་ས་མཆོག་གི་ཐུགས་ཀྱིས་འབོར་མི་ཉན་སྐོར་གསོལ་འདེབས་ཞུས་ཡོད་པ་དང་འབྲེལ་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། “ཁོ་རང་ཚོའི་ལོ་རྒྱུས་དང་འབྲེལ་དཀའ་ངལ་སྐོར་བཤད་འདུག བོད་སིལ་བུར་ཕྱིན་པའི་རྗེས་བོད་པ་ཚོ་དཀའ་ངལ་ཞེ་དྲག་འཕྲད་རེད། དཔེར་ན་ང་སྐྱེས་སའི་མདོ་སྨད་ཙོང་ཁར་ཆ་མཚོན་ན། བོད་དབུས་དང་འབྲེལ་བ་ཧ་ལམ་ཡོད་མ་རེད། ཆོས་ཕྱོགས་ནས་འབྲེལ་ཡོད་པ་ལས། པ་ལགས་དང་ཨ་མ་ལགས་ཁོང་ཚོས་ང་ཚོའི་དཔོན་པོ་ཟི་ལིང་མ་པོའུ་ཧྥིང་ཡིན་བསམ་པ་ལས། དགའ་ལྡན་ཕོ་བྲང་བསམ་བློའི་ནང་ཡོད་མ་རེད་ལ་རྒྱུས་ཡོད་མ་རེད། ཆབ་སྲིད་ཐོག་བོད་སིལ་བུར་ཕྱིན་པ་རེད། དེའི་རྗེས་སུ་ཁམས་ཕྱོགས་སུ་རྒྱ་སྡེ་བོད་སྡེ་གཉིས་སུ་ཕྱེ་ནས་ཆབ་སྲིད་ཐོག་ཐབས་སྐྱོ་པོ་བྱུང་རེད། ཡིན་ཡང་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་རྫོགས་གོང་བུ་གཅིག་གྱུར་བྱས་ནས་སྡོད་ཐུབ་པ་དེ་ཆོས་དང་རིག་གཞུང་གིས་བྱས་ཡོད་རེད་”ཅེས་བཀའ་འགྱུར་བསྟན་འགྱུར་དེ་དབུས་སྐད་རེད་ལབ་ན་ཁམས་སྐད་རེད་ལབ་ན། ཨམ་སྐད་རེད་ལབ་ན། སྟོད་སྐད་རེད་ལབ་ན། ཀློག་སྐབས་སྒྲ་གདངས་ཅུང་མི་འདྲ་བ་ལས་བོད་ཙམ་མ་ཟད་ལ་དྭགས་དང་མོན་ཚང་མར་གཅིག་གྱུར་ཡིན་སྐོར་ལོ་རྒྱུས་དང་འབྲེལ་ནས་བཀའ་སློབ་གནང་སོང་།
༧གོང་ས་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་དང་འབྲེལ་ནས་བཀའ་སློབ་གནང་དོན། “ད་ལྟ་ཤེས་རིག་ལས་ཁུངས་ཀྱི་ཡིག་ཆ་ནང་འཁོད་པ་བཞིན་secular Ethics ཟེར་དུས་བོད་པའི་ཕྲུ་ཚོ་ང་ཚོ་ཕ་མེས་ནས་ནང་པའི་ཆོས་དང་དེའི་ནང་ཚན་ནཱ་ལེནྡྲའི་ཆོས་བརྒྱུད་ཆགས་ཡོད་རེད། secular Ethics ཟེར་བ་ཆོས་མེད་མཁན་དང་ནང་པ་མིན་མཁན་ཚོར་ནང་པའི་གཞུང་ནང་གི་སེམས་ཁམས་རིག་པ་དང་ཚད་མ་རིག་པ་བཤད་དུས། ནང་ཆོས་དང་མ་འབྲེལ་བར་ academic subject བྱས་ནས་སློབ་ཀྱི་ཡོད་པས་secular Ethics ཟེར་གྱི་ཡོད་རེད། ང་ཚོ་བོད་པའི་ཕྲུ་གུ་ཚོས་ཤེས་མིན་ལ་མ་ལྟོས་པར། རེ་ཟུང་རེ་ཟུང་མ་གཏོགས་སྤྱི་ཡོངས་ཆ་ནས་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་རེད། ངས་སློབ་གྲྭའི་ཆོས་དགེ་ལ་ལྟ་གྲུབ་དགེ་རྒན་ཞེས་འགྱུར་བ་བཏང་བ་ཏེ། སྨོན་ལམ་རྒྱག་རྒྱུ་དང་འདོན་པ་འདོན་རྒྱུ་ཆོས་ལུགས་ཚང་མར་ཡོད་པ་རེད།”ཅེས་དང་། “མི་འདྲ་བ་དེ་བོད་ལ་ཡོད་པའི་སངས་རྒྱས་ཆོས་དེ་མཁན་ཆེན་ཞི་བ་འཚོས་ངོ་སྤྲོད་གནང་བའི་ནཱ་ལེནྡྲའི་ཆོས་བརྒྱུད་དེ་རེད་” ཅེས་ཚད་མ་རིག་པར་དོ་སྣང་གནང་དགོས་སྐོར་དང་། བོད་ཀྱི་ཆོས་རྗེ་ས་པཎ་གྱིས་ཚད་མ་རིག་གཏེར་མཛད་སྐོར། ཆོས་ལ་འགྲེལ་བཤད་ཙམ་མིན་པར་ལྟ་གྲུབ་ཀྱི་འགྲོ་སྟངས་ཤེས་ཆེད་ལྟ་གྲུབ་དགེ་རྒན་ཞེས་བསྒྱུར་བ་ཡིན་སྐོར་གྱི་བཀའ་སློབ་གནང་།
བརྟན་བཞུགས་དང་འབྲེལ་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། “ཁྱེད་རང་ཚོས་དེ་རིང་ལྷག་བསམ་རྣམ་དག་གིས་བརྟན་བཞུགས་ཕུལ་རེད། ང་ལོ་༨༥ ཐོག་ལ་འགྲོ་ཡི་ཡོད་རེད། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དགུང་ལོ་༨༤ དང་༨༥ ཙམ་ལས་བཞུགས་མི་འདུག རྒྱལ་དབང་སྐུ་ཕྲེང་ནང་དགུང་ལོ་རིང་ཤོས་བཞུགས་མཁན་དགེ་འདུན་གྲུབ་རེད། ང་དགེ་འདུན་གྲུབ་ཀྱི་དགུང་ལོའི་ཚད་ལ་སླེབས་ཡོད་པས་ག་ལེར་རྫོགས་འགྲོ་བ་ལས་འདུག་རྒྱུ་ཞིག་མ་རེད་”ཅེས་མི་ཐོག་གཅིག་མ་ཡིན་པར་མི་རབས་ནས་མི་རབས་བར་བསམ་བློ་གཏོང་དགོས་སྐོར་དང་། གཞིས་བྱེས་གཉིས་ནས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱིས་ཡག་པོ་བྱུང་ཡོད་སྐོར། ནང་པའི་ཆོས་དེ་རྒྱུན་འཛིན་དང་དར་སྤེལ་དགོས་སྐོར་གསུངས་སོང་།
༧གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་གནང་དོན། “ཁ་ཉིན་ལ་དྭགས་ལ་ཡོད་དུས་ཆོས་གྲོགས་ཚོས་ཡར་ཤོག་མར་ཤོག་མང་པོ་ཟེར་གྱི་འདུག དེའི་སྐབས་ངས་༧རྒྱལ་བ་རིན་པོ་ཆེ་བྲེལ་བ་མེད་པར་ཚེ་རིང་པོ་དགའ་ས་རེད། བྲེལ་བ་ཆེན་པོ་དང་ཚེ་ཐུང་ཐུང་དགའ་ས་རེད་ལབ་ཡིན། དགེ་འདུན་གྲུབ་ཀྱི་དགུང་ལོའི་ཚད་ལ་སླེབས་བསྡད་ཡོད་པས། ད་བླ་རྒན་ལྷོད་ལྷོད་འདུག་རྒྱུའི་དུས་ཚོད་ལས། ཕར་ཤོག་ཚུར་ཤོག དཔེ་ཆ་ཅིག་ཅིག་མིག་མིག་ཁྲིད་རོགས་ཟེར་བ་ཉུང་དུ་བཏང་ནས་ང་བག་དྲོ་པོ་བསྡད་ནས་ལྷོད་ལྷོད་དགོས་པ་གལ་ཆེན་པོ་འདུག་”ཅེས་དང་། “དེ་རིང་བརྟན་བཞུགས་ཕུལ་རེད་ལ། ཆོ་ག་ཡག་པོ་ཞེ་དྲག་རེད། ཁྱེད་རང་ཚོ་དད་པ་དམ་ཚིག་གཡོ་བ་མེད་པ་རེད། བླ་མའི་ཚེ་བརྟན་རྒྱུར་འབྲེལ་བ་ཏན་ཏན་ཡོད་པ་རེད་”ཅེས། སློབ་མས་དགེ་བ་བསག་ན་བླ་མར་ཆོས་དང་འབྲེལ་བ་ཡོད་པས་ཕན་པ་དང་། ཕྲུ་གུས་དགེ་བ་བསག་པར་ཕ་མར་རྒྱུ་དང་འབྲེལ་བ་ཡོད་པས་ཕན་ཐོགས་ཡོད་སྐོར་གྱི་བཀའ་སློབ་གནང་སོང་།
ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གྱིས། བརྟན་བཞུགས་ཕུལ་བ་དང་། ཤེས་རིག་ལས་ཁུངས་ནས་དམ་ཚིག་གཙང་མའི་ཐོག་ནས་ལས་དོན་ཧུར་ཐག་གནང་རྒྱུ་དང་། ༧གོང་ས་མཆོག་གི་དགོངས་གཞི་བཞིན་མིའི་གཤིས་རྒྱུད་བཟང་པོ་སྤེལ་ཐབས་སུ་ཤེས་རིག་ལས་ཁུངས་སུ་ཡོད་པས་དེའི་ཐོག་ནུས་ཤུགས་འདོན་རྒྱུ་ཡིན། ༧གོང་མཆོག་གིས་བོད་པའི་ཕྲུ་གུ་གཅིག་པུ་མ་ཡིན་པར་མི་རིགས་གཞན་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་ཚོ་སློབ་གཉེར་སྤྲད་དགོས་བཀའ་སློབ་གནང་བ་བཞིན་ལག་བསྟར་ཡོང་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན་སྐོར་གསར་འགོད་པར་འགྲེལ་བརྗོད་གནང་སོང་།
གསར་འགོད་པ་ཆོས་ཉིད་འོད་ཟེར།