དགེ་འདུན་པར་ཚན་རིག་གི་ཟབ་སྦྱོང་།

ཟླ་འདིའི་༥ ཚེས་༡༧ ནས་ཟླ་༦  ཚེས་ ༢༢ བར་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་དང་། བོད་ཀྱི་གདན་སའི་དབྱར་དུས་ཀྱི་ཚན་རིག་ཟབ་སྦྱོང་ཆེན་མོ་དེ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཚོགས་ཡོད་པ་རེད།

དེ་ཡང་དགའ་ལྡན་ཤར་བྱང་གི་གྲྭ་ཚང་གཉིས་རེས་མོས་ཀྱིས་གོ་སྒྲིག་གནང་གི་ཡོད་པ་བཞིན་འདི་ལོ་དགའ་ལྡན་ཤར་རྩེ་གྲྭ་ཚང་གིས་གོ་སྒྲིག་བྱས་པའི་ཟབ་སྦྱོང་གི་མཛད་སྒོ་དེ་གོང་ཚེ་ཉིན་གྱི་ཞོགས་པ་ཆུ་ཚོད་དགུ་པའི་ཐོག་འགོ་འཛུགས་བྱས་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་དགའ་ལྡན་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་དང་། མོན་གྷོ་ས་གནས་འགོ་འཛིན་ཀརྨ་དོན་གྲུབ་སོགས་ཀྱིས་དབུས་པའི་བླ་སྤྲུལ་དང་དགེ་བཤེས། དགེ་རྒན་དང་སྐད་སྒྱུར། ལས་བྱེད་དང་ཚན་རིག་སློབ་གཉེར་གནང་བཞིན་པའི་སློབ་མ་སོགས་ལྷན་འཛོམས་བྱས་ཡོད་པ་རེད།

གཞན་ཡང་ཐེངས་འདིའི་ཟབ་སྦྱོང་གི་སྐབས་ཨ་རི་ནས་ཕེབས་པའི་ཨེ་མོ་རི་མཐོ་སློབ་ཀྱི་དགེ་རྒན་སོགས་མཐོ་སློབ་ཀྱི་དགེ་རྒན་ཉི་ཤུ་ལྷག་ཆེད་དུ་གདན་ཞུ་བྱས་ནས་ལྟ་གྲུབ་ཀྱི་སྐོར་དང་། དངོས་ཁམས་རིག་པ། སྐྱེས་དངོས་རིག་པ། དབང་རྩ་རིག་པ་བཅས་ཀྱི་སྐོར་སློབ་ཁྲིད་གནང་རྒྱུ་དང་། སྐད་སྒྱུར་དང་དགེ་རྒན་ལས་རོགས། གློག་ཀླད་སྒྲིག་འཇུག་དང་འཕྲུལ་དཔར་བསྐྱར་སྐྲུན་པ། ལས་བྱེད་དང་སྒྲིག་སྲོལ་སྟངས་འཛིན་པ་སོགས་བསྐོ་བཞག་བྱས་ཡོད་པ་རེད། འདི་ལོའི་ཚན་རིག་འཛིན་གྲྭར་སློབ་མ་གྲངས་ཉིས་བརྒྱ་སུམ་ཅུ་ཡོད་པ་དང་། འཛིན་གྲྭ་མཐོ་ཤོས་རྣམས་ཕྱི་ལོ་༢༠༡༨ ལོར་དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་མཁན་ཡིན་པས། ལོ་དེར་དགེ་ལུགས་རྒྱུགས་སྤྲོད་ཀྱི་སློབ་ཚན་ནང་དུ་ཚན་རིག་གི་རྒྱུགས་སྤྲོད་གསར་འཇུག་གནང་རྒྱུ་ཡིན་པ་རེད།།

གསར་འགོད་པ་ཐུབ་བསྟན་བཀྲ་ཤིས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས།