དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་འདུག།

ཕྱི་ཟླ་༡༢ ཚེས་༢༥ ཉིན་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་གནང་འདུག་པ་དང་། སྨོན་ལམ་གྱི་ཚོགས་མགོན་དུ་༧ས་སྐྱ་གོང་མ་ཁྲི་ཆེན་མཆོག་དང་༧གོང་མ་ཁྲི་འཛིན་རིན་པོ་ཆེས་དབུས་བསྟན་བདག་བླ་ཆེན་རྣམ་པ་དང་དགེ་འདུན་འདུས་པ་རྒྱ་མཚོས་གཙོས་པའི་དད་ལྡན་རྣམས་ཀྱིས་དུས་ཡུན་ཉིན་བཅུའི་རིང་འཚོགས་གནང་རྒྱུ་ཡིན་འདུག

དེ་ཡང་མཛད་རིམ་ལས་ཞལ་འདོན་མ་ཡིན་པའི་དམིགས་བསལ་གཞན་ཁག་ནི་ཚེས་༢༥ ཉིན་༧གོང་མ་ཁྲི་ཆེན་མཆོག་དབུ་བཞུགས་ཐོག་སྨོན་ལམ་གྱི་སྦྱིན་བདག་གཙོས་འབྲེལ་ཐོགས་རྣམས་ཀྱི་ཆེད་སྟོན་པ་རིན་པོ་ཆེར་ཞལ་གསེར་དང་ན་བཟའ་ལྷུང་བཟེད་ཕུལ་གནང་བ་དང་། དེ་རིང་ཆོས་རྗེ་ས་པཎ་གྱི་འདས་མཆོད་ཡིན་པར་བརྟེན་སྔ་དྲོར་ས་པཎ་གྱི་བླ་མཆོད་གསུངས་འདུག ཕྱི་ཚེས་༢༧ ཉིན་༧གོང་མ་ཁྲི་ཆེན་མཆོག་ལ་ཚོགས་བཅར་བ་དགེ་འདུན་འདུས་པ་རྒྱ་མཚོ་ནས་བརྟན་བཞུགས་འབུལ་རྒྱུ་དང་། ཕྱི་ཚེས་༢༨ ཉིན་ཀླུ་ལྡིང་མཁན་ཆེན་གྱི་འདས་མཆོད་སྨོན་ལམ་གསུང་རྒྱུ། ཕྱི་ལོ་༢༠༢༤ ཟླ་༡ ཚེས་༢ ཉིན་༧གོང་མ་ཁྲི་འཛིིན་ཞེ་གསུམ་པས་ཡན་ལག་བདུན་པའི་བཀའ་ཆོས་གསུང་རྒྱུ་དང་། དེ་བཞིན་ཕྱི་ཚེས་༣ ཉིན་འགྲོ་མགོན་ཆོས་རྒྱལ་འཕགས་པས་གཙོས་མཁན་ཆེན་ཨ་པད་དང་བླ་ཆེན་འགའི་འདས་མཆོད་སྨོན་ལམ་གསུང་རྒྱུ། ཉིན་དེའི་ཕྱི་དྲོར་༧གོང་མ་ཁྲི་ཆེན་མཆོག་ནས་འབྲེལ་ཐོགས་རྣམས་ཀྱི་ཆེད་བསྔོ་སྨོན་གསུང་རྒྱུ་བཅས་རེད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།
