དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས།

ལྷོ་ཨ་མེ་རི་ཀའི་བྷེ་ར་ཛིལ་གྱི་རྒྱལ་ས་རེའུ་ལ་ཕྱི་ལོ་༢༠༡༦ ལོའི་དབང་པོ་སྐྱོན་ཆན་གྱི་དབྱར་ཁའི་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་བྱས་ཡོད་པ་དང་། དེ་གར་རྒྱལ་ཁབ་༡༦༡ ནས་རྩེད་འགྲན་པ་༤༣༠༠ ཡིས་མཉམ་ཞུགས་བྱས་ཡོད་འདུག

14273395_1250763338280866_1256977867_oཟླ་འདིའི་ཚེས་༧ ནས་ཚེས་༡༨ བར་རྩེད་རིགས་༢༣ ཙམ་ལ་འགྲན་སྡུར་བྱེད་རྒྱུ་ཡིན་པ་དང་། དབུ་འབྱེད་ཀྱི་མཛད་སྒོར་བྷེ་ར་ཛིལ་གྱི་སྲིད་འཛིན་དང་ཨོ་རྩལ་གོ་སྒྲིག་འགན་འཛིན་གཉིས་ལ་མི་མང་གིས་མི་འདོད་པའི་སྐད་བརྒྱབ་ཡོད་འདུག དེ་ཡང་བྷི་ར་ཛེལ་ནང་ཉེ་བའི་ཆར་དཔལ་འབྱོར་གྱི་དཀའ་ངལ་སོགས་ལ་བརྟེན་ནས། ཨོ་རྩལ་འགྲན་ཚོགས་སྐབས་ལ་ཡང་མི་མང་གིས་ངོ་རྒོལ་མང་པོ་བྱས་ཡོད་པ་རེད།

དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ནི་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་རྩལ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱེད་ཀྱི་ཡོད་འདུག་པ་དང་། ཐེངས་འདིའི་འགྲན་ཚོགས་ལ་མ་དངུལ་གྱི་དཀའ་ངལ་འཕྲད་ཀྱི་ཡོད་འདུག དེ་བཞིན་ཐེངས་འདིར་ཨུ་རུ་སུའི་རུ་ཁག་དེར་ནུས་སྟོབས་སྨན་སྤྱད་པའི་རྙོག་གྲ་དང་འབྲེལ་ནས་་བཀག་འགོག་བྱས་ཡོད་པ་རེད།

དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་ཐོག་མ་དེ་ཕྱི་ལོ་༡༩༦༠ ལོར་ཨི་ཊ་ལིའི་རྒྱལ་ས་རཱོམ་ལ་འཚོགས་ཡོད་པ་དང་། རྒྱ་ནག་གིས་ཕྱི་ལོ་༢༠༡༢ ལོའི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ལ་རྟགས་མ་༢༣༡ བླངས་ནས་ཨང་དང་པོ་ཐོབ་ཡོད་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།