དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་སྲིད་སྐྱོང་དུ་ལང་རྒྱུའི་གསལ་བསྒྲགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་འགོ་འཛུགས་ཟིན་པ་དང་། ཐེངས་འདིའི་འོས་བསྡུའི་ཁྲོད་སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེས་བསྐྱར་དུ་ལང་རྒྱུའི་གསལ་བསྒྲགས་ཤིག ཕྱི་ལོ་༢༠༢༥ ཟླ་བ་༡༡ ཚེས་༡༩ ཉིན་ཁོང་སྒེར་གྱི་སྤྱི་ཚོགས་དྲ་ལམ་དུ་སྤེལ་འདུག


ལོ་རྗེས་མའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཁྲོད་ཨ་རི་དང་ཡུ་རོབ། རྒྱ་གར་བཅས་ནས་སྤྱི་འཐུས་འོས་མི་མང་པོ་ཞིག་ལངས་བཞིན་ཡོད་པ་དང་། སྲིད་སྐྱོང་ལངས་མཁན་ད་བར་གསུམ་བྱུང་ཡོད་ཅིང་། དང་པོ་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་། གཉིས་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ། གསུམ་པ་དགུ་བཅུ་གསུམ་གྱི་ཚོགས་གཙོ་ཟུར་པ་ངག་དབང་དགའ་ལྡན་བཅས་གསུམ་ཡོད།
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ནི་ཕྱི་ལོ་༡༩༦༨ ལོར་རྒྱ་གར་བྱང་ཕྱོགས་ཀ་ལི་སྤུངས་སུ་སྐྱེས་ཡོད་ཅིང་། ཨ་རིའི་བྷོ་སི་ཊོན་(Tufts) གཙུག་ལག་སློབ་གྲྭ་ནས་གཙུག་ལག་རབ་འབྱམས་པ་སློབ་མཐར་སོན་པ་དང་། ཕྱི་ལོ་༢༠༡༡ ནས་༢༠༢༠ བར་སྲིད་སྐྱོང་བློ་བཟང་སེང་གེའི་དམིགས་བསལ་སློབ་སྟོན་པ་དང་། དེ་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད། དེ་བཞིན་དཔལ་འབྱོར་ལས་ཁུངས་སུ་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཡང་གནང་མྱོང་ཡོད།
དེ་རིང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེས་སྲིད་སྐྱོང་འོས་མིའི་གསལ་བསྒྲགས་ནང་། རྒྱ་དམར་གྱིས་བོད་རྒྱའི་གྲོས་མོལ་གྱི་བརྒྱུད་ལམ་ཡོངས་རྫོགས་དེ་སྔོན་ནས་བཀག་ཟིན་པ་མ་ཟད། བོད་ནང་དུ་མི་རིགས་གཉའ་གནོན་གྱི་སྲིད་བྱུས་ཉིན་རེ་བཞིན་ཇེ་སྡུག་ཏུ་བཏང་དང་གཏོང་བཞིན་པ་དང་། ང་ཚོ་བཙན་བྱོལ་དུ་གྱར་བའི་བོད་མིའི་སྤྱི་ཚོགས་ནང་བོད་མི་ནང་ཁུལ་ལུང་ཚན་ཕྱོགས་རིས་ཀྱི་གནས་སྟངས་དང་། སྒྲིག་འཛུགས་སྲ་བརྟན་ཡོང་ཆེད་དཔལ་འབྱོར་རོགས་རམ་གྱི་དཀའ་ངལ་སོགས་ཕྱོགས་གང་ནས་བལྟས་ཀྱང་ད་ལྟའི་བོད་མིའི་འཐབ་རྩོད་ཀྱི་གནས་བབས་དང་སྤྱི་ཚོགས་ཀྱི་གནས་སྟངས་ནི་དུས་ཚིགས་ཧ་ཅང་གལ་ཆེན་ཞིག་ལ་སླེབས་ཡོད་པས། ངེས་པར་དུ་འགོ་ཁྲིད་བརྟན་པོ་དང་། མཐུན་སྒྲིལ་ལ་ཕྱོགས་པ། མ་འོངས་སྲིད་བྱུས་ཀྱི་ཁ་ཕྱོགས་གསལ་པོ་ཡོད་པ་ཞིག་དགོས་ཞེས་འཁོད་འདུག
ཁོང་འོས་མིར་ལངས་དགོས་པའི་རྒྱུ་མཚན། ང་ཚོ་བོད་མིའི་བཙན་བྱོལ་སྤྱི་ཚོགས་དང་སྒྲིག་འཛུགས་དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་འཛམ་གླིང་ནང་བཙན་བྱོལ་སྤྱི་ཚོགས་གཞན་ལས་རབ་ཏུ་ལྷག་པ་ཡིན་ཏེ། ང་རང་དེ་སྔོན་ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་ལས་རིམ་སྐབས་རྒྱ་གར་དང་། ཡུ་རོབ། བྱང་ཨ་རི་སོགས་བོད་མིའི་གནས་སྡོད་བྱེད་སའི་ས་ཁུལ་ཁག་ཏུ་དངོས་སུ་བསྐྱོད་ནས་མི་མང་དང་ཐུག་འཕྲད་ཀྱིས་ཁོང་ཚོའི་སྙིང་སྟོབས་དང་། མ་འོངས་བོད་ལ་བཅངས་པའི་རེ་བ། ད་ལྟའི་གནས་བབས་ལ་གཞིགས་པའི་དགོངས་ཚུལ་སོགས་གནས་ཚུལ་དངོས་བརྒྱུད་དེ་མིག་མཐོང་ལག་ཟིན་བྱུང་། དང་པོའི་འཆར་གཞི་ལྟར་ན་ཡོང་རྒྱུའི་འོས་བསྡུ་ཆེན་མོར་ང་རང་མཉམ་ཞུགས་བྱ་རྒྱུའི་འདུན་པ་མེད། ང་རང་གི་ཐོག་མའི་རེ་བ་ད་རེས་ཀྱི་འོས་བསྡུའི་ཁྲོད་འགོ་ཁྲིད་གསར་པ་དང་ལྷག་པར་དུ་བུད་མེད་ཀྱི་འགོ་ཁྲིད་རྣམས་མདུན་དུ་ཐོན་ན་བསམས། ཡིན་ནའང་ད་ལམ་དེ་ལྟར་མི་བྱུང་བའི་ཁར། ང་ལ་ཡིད་ཆེས་དང་རྒྱབ་སྐྱོར་གནང་མཁན་མང་དག་ཅིག་གིས་སྐུལ་མ་དང་། ནང་མི་དང་མཉམ་དུ་གྲོས་བསྡུར། དེ་བཞིན་ལྷག་པར་དུ་མང་གཙོའི་ཁེ་དབང་ལ་མཐོང་ཆེན་དང་། མ་འོངས་བོད་ཀྱི་ཁ་ཕྱོགས་གསལ་པོ་ཞིག་དགོས་གལ་ཆེ་བར་བསམས་ནས་ཡོང་རྒྱུའི་འོས་བསྡུ་ཆེན་མོར་སྲིད་སྐྱོང་གི་འོས་མིར་ལང་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་བཀོད་འདུག
ཁོང་གི་རྩ་བའི་དམ་བཅའ་གསུམ་བཏོན་འདུག་ཅིང། ༡ མཐུན་སྒྲིལ། བོད་མི་རྒན་གཞོན་དབར་དང་། ལུང་ཚན་དང་ཆོལ་ཁའི་དབར། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་ཁ་ཐོར་གྱི་བོད་མི་ཡོངས་རྫོགས་དབར་མཐུན་སྒྲིལ་ལ་ཤུགས་སྣོན་གྱིས་བོད་མིའི་སྒྲིག་འཛུགས་དེ་བཞིན་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་དེ་ལས་ཀྱང་ཚགས་ཚུད་དུ་གཏོང་རྒྱུ།
༢ བོད་དོན་དྲིལ་བསྒྲགས་རྒྱ་བསྐྱེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གཙོ་བོ་ཞིག་ནི་ད་ལྟའི་བོད་ཀྱི་གནས་སྟངས་དང་བོད་དོན་འཐབ་རྩོད་ཀྱི་གནས་བབས་དེ་བཞིན་རྒྱ་སྤྱིའི་སྡིངས་ཆའི་ཐོག་ཏུ་དྲིལ་བསྒྲགས་བྱ་རྒྱུ་དེ་ཡིན་པས། བོད་དོན་དྲིལ་བསྒྲགས་ཀྱི་ལས་གཞི་ལ་ད་ལྟ་ལས་ཐབས་བྱུས་བཟང་དུ་དང་ནུས་ཤུགས་ཆེ་རུ་གཏོང་རྒྱུ།
༣ རང་ཁ་རང་གསོ་དང་དཔལ་འབྱོར་སྲ་བརྟན། བོད་མིའི་སྒྲིག་འཛུགས་དེ་བཞིན་རང་ཁ་རང་གསོ་དང་དཔལ་འབྱོར་སྲ་བརྟན་ཞིག་ཡོང་ཆེད། དཔལ་འབྱོར་རོགས་རམ་ཤོར་བ་རྣམས་སླར་གསོ་ཐུབ་པ་བྱ་རྒྱུ་དང་། ལྷག་པར་དུ་དེ་ལས་གཞན་པའི་དཔལ་འབྱོར་རོགས་རམ་འཕར་མ་གང་མང་གསར་རྙེད་ཐུབ་པ་བྱ་རྒྱུ་བཅས་བཀོད་འདུག
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལྟ་བུར་མཚོན་ན་ཕྱི་ལོ་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཁྲོད་སྲིད་སྐྱོང་འོས་མིར་ལངས་མྱོང་ཡོད་པ་དང་། སྐབས་དེ་དུས་ཁོང་ལ་མི་མང་ནས་འོས་གྲངས་༢༨༩༠༧ དང་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་༣༤༣༢༤ ཐོབ་ཡོད།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།