དབྱར་རྩྭ་དགུན་འབུ་རྫུན་མ་དང་རྒྱ་མི་འབུ་རྐོ་མཁན་མང་དུ་ཕྱིན་ཡོད་འདུག

དབྱར་རྩྭ་དགུན་འབུ་རྫུན་མ་མང་དུ་སོང་བ་འདིས་བོད་ཀྱི་དབྱར་རྩྭ་དགུན་འབུའི་རིན་ཐང་ཉམས་སུ་བཅུག་སྟེ་ཉིན་ཞིག་བོད་ཀྱི་དབྱར་རྩྭ་དགུན་འབུ་ནི་སྔོ་ཚལ་གྱི་རིན་ཐང་ལས་མེད་པ་ཞིག་དང་། དབྱར་རྩྭ་དགུན་འབུའི་ཉོ་ཚོང་ནི་སྔོ་ཚལ་གྱི་ཉོ་ཚོང་ལྟ་བུ་ཞིག་ཆགས་ཉེན་ཡོད་པའི་བློ་འཚབ་བྱེད་ཀྱི་འདུག
ཉེ་ཆར་འདི་གའི་གསར་འགོད་པས་བོད་ནང་གི་དབྱར་རྩྭ་དགུན་འབུ་དང་འབྲེལ་བའི་གནས་ཚུལ་འགར་ཤེས་རྟོགས་བྱུང་བར་གཞིགས་ན།
ད་སྐབས་བོད་ནང་དུ་འཕྲད་བཞིན་པའི་དཀའ་ངལ་གསར་པ་ཞིག་ནི་རྒྱ་གཞུང་གིས་བོད་ཀྱི་ས་ཆ་ཁ་ཤས་སུ་རྒྱ་མི་འབུ་རྐོ་མཁན་གླ་ཆོག་པར་བཟོས་པ་དང་། རྒྱ་མིས་འབུ་རྫུན་མ་བཟོ་སྐྲུན་བྱས་ཏེ་བོད་ཀྱི་ཁྲོམ་རར་བཀྲམ་པ་དེ་ཡིན་འདུག
དེ་སྔོན་ཡིན་ན་འབུ་བརྐོ་རྒྱུ་མེད་སའི་བོད་པ་མི་གླ་འགྲོ་འདོད་མཁན་ཚོར་བོད་མིས་བོད་མིར་གླ་ཆ་སྤྲད་དེ་འབུ་བརྐོ་བར་འཁྲིད་ཀྱི་ཡོད་རུང་། ཕྱིས་སུ་རྒྱ་གཞུང་གིས་མི་གླ་འཁྲིད་མི་ཆོག་པར་བཟོས་ཡོད་འདུག འོན་ཀྱང་ལོ་སྔོན་མ་ནས་བོད་ཀྱི་ས་ཆ་ཁ་ཤས་སུ་རྒྱ་གཞུང་གིས་རྒྱ་རིགས་ཀྱི་མི་གླ་འཁྲིད་ཆོག་པར་བཟོས་ཏེ། ད་ལོར་མི་གླའི་མིང་ཐོག་ནས་རྒྱ་མི་འབུ་བརྐོ་རུ་འགྲོ་མཁན་གྲངས་མང་དུ་ཕྱིན་ཡོད་འདུག་པས། ད་ནི་རྒྱ་མིས་འབུ་བརྐོ་རྒྱུ་ཤེས་ཤིང་མ་འོངས་པར་རྒྱ་མིས་ས་བཀབ་སྟེ་ང་ཚོའི་འཚོ་རྟེན་འདི་བརླག་པ་འདུག་ཅེས་བོད་མི་ཚོས་བློ་འཚབ་བྱེད་བཞིན་འདུག་ལ། མ་ཟད་ད་ལོའི་ཆར་སྤྱི་ཡོངས་ནས་དབྱར་རྩྭ་དགུན་འབུ་དེ་ཙམ་མེད་པར་རྗོད་བཞིན་འདུག
གཞན་ཡང་འབུ་རྫུན་མ་བོད་པའི་ཁྲོམ་རར་ཐོན་པ་དེ་ལོ་ཤས་སྔོན་ནས་ཡིན་ཡང་ད་ཆར་དེར་རིགས་གཉིས་འདུག་པ་སྟེ་གཅིག་ནི་འབུ་ལོ་བཏབ་པ་དང་གཞན་ནི་གློག་གིས་བཟོས་པ་ཡིན་འདུག འབུ་ལོ་བཏབ་པ་དེར་སྤུས་ཀ་ཞན་ལ་གློག་གིས་བཟོས་པ་དེ་ནི་ཕྱིའི་མདོག་དང་བཟོ་དབྱིབས་ལ་བལྟས་ན་བོད་ཀྱི་དབྱར་རྩྭ་དགུན་འབུ་དང་ཁྱད་པར་ཆེར་མེད་པས་ངོས་ཟིན་དཀའ་རུང་བཟས་ན་འགྱིག་ལྟ་བུ་ལས་བྲོ་བ་མེད་པར་རྗོད་ཀྱི་འདུག ཁོང་ཚོས་འབུ་རྫུན་མ་དག་བོད་ཀྱི་དབྱར་རྩྭ་དགུན་འབུ་ཡིན་ཞེས་ཁྲོམ་རར་འཚོང་གི་ཡོད་འདུག་པས། འབུ་རྫུན་མ་མང་དུ་སོང་བ་འདིས་བོད་ཀྱི་དབྱར་རྩྭ་དགུན་འབུའི་རིན་ཐང་ཉམས་སུ་བཅུག་སྟེ་ཉིན་ཞིག་བོད་ཀྱི་དབྱར་རྩྭ་དགུན་འབུ་ནི་སྔོ་ཚལ་གྱི་རིན་ཐང་ལས་མེད་པ་ཞིག་ཆགས་ཉེན་ཡོད་པའི་བློ་འཚབ་བྱེད་ཀྱི་འདུག བོད་ཀྱི་ས་ཆ་མང་པོ་ཞིག་གི་འཚོ་བའི་རྟེན་གཞི་དབྱར་རྩྭ་དགུན་འབུ་ཡིན་པ་བཞིན་ལོ་ལྟར་སྤྱི་ཟླ་བཞི་པའི་ཟླ་མཇུག་ཡས་མས་ནས་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཡིན་པ་རེད། སྔོན་མ་ཡིན་ན་དབྱར་རྩྭ་དགུན་འབུ་རྐོ་བར་འགོ་ནམ་འཛུགས་ནི་འབུ་ཇི་ཙམ་སྐྱེས་མིན་དང་། མཚམས་ག་དུས་འཇོག་མིན་དེའང་དབྱར་རྩྭ་དགུན་འབུ་རྫོགས་པ་དང་ཡང་ན་རུལ་ནས་བེད་མེད་དུ་གྱུར་ཡོད་མེད་ཀྱི་གནས་སྟངས་ལ་ལྟ་གི་ཡོད་ཀྱང་། ཕྱིས་སུ་རྒྱ་གཞུང་གིས་འགོ་འཛུགས་པ་དང་མཚམས་འཇོག་དུས་ཉིན་གཅིག་དུས་གཅིག་ལ་བྱེད་དགོས་པ། དེ་བཞིན་བརྐོ་བའི་དུས་ཡུན་ཡང་ཟླ་བ་གཉིས་ལྟ་བུ་དུས་ཚོད་ངེས་ཅན་སྤྲད་ཡོད་པ་རེད། མ་ཟད་ལུང་པ་གཅིག་ཡིན་ཡང་ཡུལ་ཚོ་ཕན་ཚུན་ནང་འབུ་བརྐོ་འགྲོ་མི་ཆོག་པ་དང་སོང་ཡང་འབུ་ཁྲལ་སྤྲད་དགོས་པ། དེ་བཞིན་བོད་པ་མི་གླ་འཁྲིད་མི་ཆོག་པ་སོགས་ཀྱི་ཁྲིམས་དམ་པོ་འདྲ་མིན་བཟོས་ནས་ཡུལ་མི་ཚོར་དཀའ་ངལ་དུ་མ་ཞིག་འཕྲད་བཞིན་ཡོད་པ་རེད།