དབྱིན་ཇིའི་སྲིད་བློན་སྨན་ཁང་གི་ཛ་དྲག་ལྟ་སྐྱོང་ཁང་དུ་བཞག་འདུག
དབྱིན་ཇིའི་སྲིད་བློན་བྷོ་རི་སི-ཇོ་སོན་(Boris Johnson)གྱི་ནད་གཞིའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ནས་ཛ་དྲག་ལྟ་སྐྱོང་ཁང་(Intensive care)དུ་བཞག་ཡོད་འདུག
ཟླ་ ༤ ཚེས་ ༧ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། དབྱིན་ཇིའི་འབྲེལ་ཡོད་གཞུང་འབྲེལ་མི་ཚོས་རེས་གཟའ་ཟླ་བའི་ཉིན་སྲིད་བློན་བྷོ་རི་སི-ཇོ་སོན་(Boris Johnson)གྱི་ནད་གཞིའི་གནས་སྟངས་ཇེ་ལུད་དུ་ཕྱིན་ནས་ཛ་དྲག་ལྟ་སྐྱོང་ཁང་དུ་བཞག་ཚུལ་འགྲེལ་བརྗོད་བྱས་ཡོད་འདུག

འཛམ་གླིང་གི་འགོ་ཁྲིད་ཚོའི་ཁྲོད་ནས་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་འཕོག་མཁན་ཐོག་མ་དེར་གྱུར་བའི་སྲིད་བློན་ཁོང་གིས་ཟླ་སྔོན་མའི་ཚེས་ ༢༧ ཉིན་བརྙན་ཐུང་བརྒྱུད་དེ་རང་ཉིད་ལ་ནད་ཡམས་དེ་འགོས་པའི་གསལ་བསྒྲགས་སྤེལ་རྗེས། ཁོང་གིས་གཞན་ལས་རྒྱང་དུ་བཀྱེད་དེ་གཞུང་འབྲེལ་ཕྱག་ལས་མུ་མཐུད་གནང་ན་ཡང་། ཁོང་གིའི་ནད་གཞིའི་གནས་སྟངས་ལ་དྲག་སྐྱེད་མ་བྱུང་བར་མུ་མཐུད་ཇེ་ལུད་དུ་ཕྱིན་སྟབས། རེས་གཟའ་ཉི་མའི་ཉིན་སྨན་ཁང་དུ་བསྐྱལ་བ་མ་ཟད། རེས་གཟའ་ཟླ་བའི་ས་གནས་ཆུ་ཚོད་ ༧ ཙམ་ལ་ཛ་དྲག་ལྟ་སྐྱོང་ཁང་དུ་འཇོག་དགོས་ཁེལ་ཡོད་འདུག
ཁོང་གི་མགྲིན་ཚབ་པས་ཁོང་གི་ནད་གཞི་ཅུང་ཇེ་སྡུག་དུ་ཕྱིན་ནས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཚུལ་བརྗོད་པ་ཙམ་ལས། འབྲེལ་ཡོད་མི་སྣ་ཚོས་ཁོང་གི་གནས་སྟངས་དངོས་ག་འདྲ་ཡིན་མིན་ཐོག་ལ་འགྲེལ་བརྗོད་གང་ཡང་བྱས་ཡོད་མི་འདུག་པ་དང་། ཁོང་གི་ལས་འགན་དེ་གནས་སྐབས་རིང་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ཊོ་མི་ནེ་ཁུ-ར་བྷི་(Dominic Raab)ལ་བསྐུལ་ཡོད་འདུག
སྲིད་བློན་ཁོང་གིས་ཟླ་འདིའི་ཚེས་ ༣ ཉིན་དབྱིན་ཇིའི་མི་མང་ཚོའི་ཆེད་དུ་བརྙན་ཐུང་ཞིག་བཏང་བའི་ནང་། ཁོང་གི་ནད་གཞི་ཛ་དྲག་ཆགས་མེད་པ་དང་། སྲིད་བློན་གྱི་ལས་འགན་མུ་མཐུད་འཁུར་མུས་ཡིན་པ། མི་མང་རྣམས་ཀྱིས་ནད་ཡམས་སྔོན་འགོག་ལ་དོགས་ཟོན་ནན་པོ་བྱས་ནས་ངེས་པར་ནང་ལ་སྡོད་དགོས་པ་སོགས་བརྗོད་དེ་ཁོང་གི་ནད་གཞི་ལྕི་མོ་མིན་པའི་རྣམ་པ་བསྟན་ན་ཡང་། གློ་བུར་དུ་དེ་ལྟར་ཛ་དྲག་ལྟ་སྐྱོང་ཁང་དུ་སྐྱེལ་དགོས་བྱུང་བ་དེས་དབྱིན་ཡུལ་མི་མང་ཙམ་མ་ཟད།འཛམ་གླིང་ཧྲིལ་བོ་ཧང་སང་དུ་བཅུག་ཡོད་འདུག
ད་ལྟའི་ཆར་དབྱིན་ཇིའི་རྒྱལ་ཁབ་ནང་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་ ༥༢,༠༠༠ ལྷག་དང་། དེའི་རྐྱེན་གྱིས་ཤི་བ་ ༥,༣༠༠ བརྒལ་བ་ཡོད་འདུག་ཅིང་། སྲིད་བློན་བྷོ་རི་སི-ཇོ་སོན་གྱིས་སྣེ་ཁྲིད་པའི་སྲིད་གཞུང་ལ་ནད་ཡམས་ཀྱི་བརྟག་དཔྱད་འདང་ངེས་ཤིག་བྱེད་ཐུབ་ཀྱི་མེད་པའི་སྐྱོན་བརྗོད་འཕོག་གིན་ཡོད་པ་དང་། ནད་པའི་ཁ་གྲངས་དངོས་དེ་གཞུང་གིས་བཤད་པ་ལས་མང་བ་ཡོད་པའི་ཡིད་ཆེས་བྱེད་ཀྱིན་ཡོད་འདུག།
གསར་འགོད་པ་དཀོན་མཆོག་རབ་བརྟན།
