དབྱིན་ཡུལ་གྱི་སྲིད་བློན་རྒྱ་ནག་ལ་ལྟ་སྐོར་དང་ཁོང་ལ་ཕྱོགས་འགལ་ཚོགས་པ་དང་གཞན་གྱིས་སྐྱོན་བརྗོད།
ད་ཆར་ཨ་རིའི་གཞུང་གིས་ལམ་ཕྱོགས་ཐད་འགྱུར་བ་ཆེན་པོ་ཞིག་བཏང་སྟེ་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ལ་སྒོ་ཁྲལ་བཀལ་བ་དང་། མི་མཐུན་པའི་གནད་དོན་དུ་མ་ཞིག་ཡོང་བཞིན་པའི་སྐབས་སུ་དབྱིན་ཡུལ་གྱི་སྲིད་བློན་རྒྱ་ནག་ལ་ལྟ་སྐོར་དུ་ཕེབས་ནས་རྒྱ་ནག་དང་དབྱིན་ཡུལ་གཉིས་བར་གྱི་འབྲེལ་བ་བསྐྱར་གསོ་དང་ཚོང་འབྲེལ་ཇེ་ཆེར་གཏོང་ཐབས་བྱེད་ཀྱི་ཡོད་འདུག

ཕྱི་ལོ་༢༠༢༦ ཟླ་༡ ཚེས་༢༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཁ་སང་ཕྱི་ཚེས་༢༨ ཉིན་དབྱིན་ཡུལ་གྱི་སྲིད་བློན་ (Keir Starmer) རྒྱ་ནག་ལ་ཉིན་གསུམ་རིང་གི་ལྟ་སྐོར་དུ་ཕེབས་འདུག་ཅིང་། ཁོང་གི་ལྟ་སྐོར་དེ་ནི་དབྱིན་ཡུལ་གྱི་སྲིད་བློན་ཞིག་རྒྱ་ནག་ལ་མི་ལོ་བརྒྱད་ཀྱི་རྗེས་སུ་ཐེངས་དང་པོ་ལྟ་སྐོར་འགྲོ་བཞིན་ཡོད་འདུག ཐེངས་འདི་སྲིད་བློན་ཁོང་རྒྱ་ནག་ལ་ཕེབས་དོན་ནི་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་ཇེ་མཐོར་གཏོང་ཐབས་དང་། རིག་གཞུང་བརྗེ་ལེན་སོགས་ཀྱི་གནད་དོན་དུ་མ་ཞིག་གི་སྐོར་ལ་གྲོས་མོལ་བྱེད་རྒྱུ་ཡིན་པ་བརྗོད་འདུག འོན་ཀྱང་། ཁོང་ཐེངས་འདིར་རྒྱ་ནག་ལ་ལྟ་སྐོར་དུ་ཕེབས་པ་དེ་ལ་དབྱིན་ཡུལ་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག་ཅིང་། གཞུང་འཛིན་ཚོགས་པས་རྒྱ་ནག་ནི་དབྱིན་ཡུལ་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་གཙོ་བོ་དེ་ཡིན་པ་དང་། རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཆེན་པོ་གཏོང་བཞིན་ཡོད་ཀྱང་། དེ་ལ་དོ་སྣང་མ་བྱས་པ་ནི་ཧ་ཅང་ཚབས་ཆེན་པོ་རེད་ཅེས་བརྗོད་ཡོད་འདུག
དེ་རིང་དབྱིན་ཡུལ་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱེད་རྒྱུ་ཡིན་འདུག་ལ། དབྱིན་ཡུལ་སྲིད་བློན་རྒྱ་ནག་གི་གནམ་ཐང་ལ་འབབ་དུས་གསར་འགོད་པར། ད་ཆར་དབྱིན་ཡུལ་དང་འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པ་ཡིན་པའི་རྒྱ་ནག་རྒྱལ་ཁབ་བར་ཚོང་འབྲེལ་བྱུང་ན་མ་འོངས་པར་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་ཚུལ་དང་། ཕྱོགས་གཉིས་བར་འབྲེལ་བ་མུ་མཐུད་ཡོང་ཐབས་སུ་གྲོས་མོལ་མུ་མཐུད་བྱེད་རྒྱུ་ཡིན་པ་བརྗོད་འདུག
དབྱིན་ཡུལ་སྲིད་བློན་རྒྱ་ནག་གི་གནམ་ཐང་དུ་སླེབས་དུས་རྒྱ་ནག་གཞུང་གིས་གདན་དམར་པོའི་སྟེང་ནས་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག་ཅིང་། སྐབས་དེར་དབྱིན་ཡུལ་གྱི་ཚོང་པ་༦༠ ཁོང་དང་མཉམ་དུ་རྒྱ་ནག་ལ་ཕྱིན་ཡོད་འདུག སྐབས་དེར་དབྱིན་ཡུལ་སྲིད་བློན་གྱིས་ཚོང་པ་༦༠ དེ་དག་ལ། ཁྱེད་རྣམས་ཐེངས་འདིར་རྒྱ་ནག་ལ་འགྲོ་བ་དེ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཅིག་གི་ཆེད་དུ་ཡིན་པས། ངེས་པར་དུ་གོ་སྐབས་དམ་འཛིན་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཐད་དོ་སྣང་བྱས་ནས་རང་གི་རྒྱལ་ཁབ་གྱི་མངོན་འདོད་འགྲུབ་ཐབས་སུ་འབད་བརྩོན་བྱེད་དགོས་པ་བརྗོད་འདུག
ཐེངས་འདིར་སྲིད་བློན་རྒྱ་ནག་ལ་ལྟ་སྐོར་དུ་ཕྱིན་པ་དེ་ལ་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཡོང་གི་ཡོད་འདུག དཔེར་ན། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་རྣམས་ལ་རྒྱ་ནག་གིས་དམ་དྲག་དང་བཙོན་འཇུག་བྱེད་བཞིན་ཡོད་པ་དང་། ཤར་ཏུར་ཀི་སི་ཐན་ནང་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་བཞིན་པ་བརྗོད་ནས་སྐྱོན་བརྗོད་ཆེན་པོ་བྱེད་ཀྱི་ཡོད་འདུག ད་དུང་དབྱིན་ཡུལ་གྱི་སྲིད་བློན་རྒྱ་ནག་ལ་ཕྱིན་ནས་འབྲེལ་ལམ་བསྐྱར་གསོ་བྱས་པ་ནི་ཧ་ཅང་ཚབས་ཆེན་ཡིན་པ་བརྗོད་མཁན་མང་པོ་ཡོད་འདུག དེ་བཞིན་རྒྱ་ནག་གིས་དབྱིན་ཡུལ་ནང་གཞུང་ཚབ་ཁང་ཆེན་པོ་གསར་རྒྱག་བྱེད་རྒྱུར་ཆོག་མཆན་སྤྲད་ཡོད་པ་དེ་ལའང་ཕྱི་ནང་གཉིས་ཀ་ནས་སྐྱོན་བརྗོད་བྱེད་མཁན་ཧ་ཅང་མང་པོ་ཡོད་འདུག
ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་བུད་མེད་ (Kemi Badenoch) ཡིས་གལ་སྲིད་ཁོང་རང་ཉིད་སྲིད་བློན་ཡིན་ན་ད་ལྟའི་དུས་སུ་རྒྱ་ནག་ལ་འགྲོ་རྒྱུའི་དུས་སྐབས་ཤིག་གཏན་ནས་མིན་པ་དང་། རྒྱ་ནག་གིས་དབྱིན་ཡུལ་གྱི་བདེ་འཇགས་དང་དཔལ་འབྱོར་ཐད་ལ་གནོད་སྐྱོན་གཏོང་བཞིན་པ་ལས་ཁེ་ཕན་ཞིག་ནམ་ཡང་སྤྲོད་མི་སྲིད་ཅེས་བརྗོད་འདུག
དབྱིན་ཡུལ་གྱི་གུ་ཡངས་མང་གཙོ་ཚོགས་པའི་འགོ་ཁྲིད་ (Daisy Cooper) གྱིས་ཐེངས་འདིར་སྲིད་བློན་རྒྱ་ནག་ལ་ཕྱིན་པ་ནི་ཧ་ཅང་གི་ནོར་འཁྲུལ་ཡིན་པ་དང་། རྒྱ་ནག་གི་བཙོན་ཁང་ནང་དབྱིན་ཡུལ་གྱི་མི་སེར་ཡིན་པའི་ཧོང་ཀོང་མང་གཙོ་དོན་གཉེར་བ་ (Jimmy Lai) ཡོད་པ་དང་། དེ་བཞིན་མང་གཙོ་དོན་གཉེར་བ་གཞན་མང་པོ་ཞིག་ཡོད་པས། ཁོང་ཚོ་བཙོན་ནང་ཡོད་བཞིན་དུ་སྲིད་བློན་རྒྱ་ནག་དམར་པོའི་སྲིད་གཞུང་དང་ལྷན་དུ་ཚོང་འབྲེལ་གན་རྒྱ་བཞག་པ་ནི་ཧ་ཅང་ངོ་ཚ་དགོས་པ་ཞིག་རེད་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
