དུས་དབང་སྐབས་དངུལ་གྱི་དཀལ་ངལ་སེལ་ཐབས།
ཐེངས་འདིའི་དུས་འཁོར་དབང་ཆེན་ཐེངས་༣༤ པར་ཆོས་ཞུ་བ་འབུམ་གཉིས་ལས་མང་བ་ཡོང་འཆར་ཡོད་འདུག་པས། སྐབས་དེར་རྒྱ་གར་གྱི་དཔལ་འབྱོར་ལས་ཁང་དང་དབུས་དངུལ་ཁང་གིས། དངུལ་གྱི་དཀའ་ངལ་སེལ་ཐབས་ལ་རོགས་སྐྱོར་བྱེད་འཆར་ཡོད་འདུག
དེ་ཡང་ཟླ་འདིའི་༡༨ ཉིན་གྱི་བོད་གཞུང་དྲ་བར་གནས་ཚུལ་འཁོད་གསལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། དྷི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་གཉིས་ཟླ་འདིའི་ཚེས་༡༦ ཉིན་རྒྱ་གར་གྱི་དཔལ་འབྱོར་ལས་ཁུངས་ཀྱི་ཟུང་དྲུང་སྐུ་ཞབས་སུར་བྷ་གྷར་དང་ཐུག་འཕྲད་བྱས་ཏེ། དུས་དབང་སྐབས་ཆོས་ཞུ་བ་ཚོར་དངུལ་ལྡང་ངེས་ཡོང་ཆེད་དུ། དུས་དབང་ཚོགས་ཡུལ་ལ་དངུལ་འདོན་འཕྲུལ་ཆས་དང་། ཕྱི་རྒྱལ་ཁག་ནས་སླེབས་མཁན་ཚོར་དངུལ་བརྗེ་ལེན་གྱི་ཆ་རྐྱེན་སོགས་བསྐྲུན་པའི་རེ་སྐུལ་བྱས་པར་ལྟར། སྐུ་ཞབས་སུར་བྷ་གྷ་ཡིས་རྒྱ་གར་དཔལ་འབྱོར་ལས་ཁུངས་དང་དབུས་དངུལ་ཁང་གིས་རོགས་རམ་གང་ཐུབ་བྱ་རྒྱུ་ཁས་ལེན་བྱས་ཡོད་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།